དབུ་མའི་ལམ་དེ་མི་མང་གི་ལམ་རེད་ཟེར།

བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་དབུ་མའི་ལམ་དེ་༧གོང་ས་མཆོག་གིས་ལམ་སྟོན་གནང་བ་དང་། མི་མང་གིས་འདོད་མོས་ལྟར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པས། རྒྱུན་དུ་ནས་དབུ་མའི་ལམ་དེ་མི་མང་ལམ་ཡིན་པ་བསམ་གྱི་ཡོད་སྐོར་བརྗོད་སོང་།
ཟླ་༩ པའི་ཚེས་༡༨ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭར། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག དབུ་མའི་ལམ་ཉིན་མོ་ཐེངས་༧ སྲུང་བརྩི་བྱས་ཡོད་པ་རེད། དེ་གར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར། ལས་འགུལ་ཁང་གི་འགན་འཛིན་བོད་མི་སྤྱི་འཐུས་ཟླ་བ་ཚེ་རིང་བཅས་གཙོས་པའི། སྤྱི་འཐུས་ཁག་ཅིག་དང་ཚོགས་པ་ཁག་གི་སྐུ་ཚབ། མི་མང་བཅས་ཀྱིས་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཐོག་མར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་བཀྲ་ཤིས་གཡང་འཛོམས་ཀྱིས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གཏམ་བཤད་སྒྲོགས་སྦྱང་བྱས་པ་དང་། དེའི་ནང་ཕྱི་ལོ་༡༡༩༧ ལོའི་ཟླ་༩ པའི་ཚེས་༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་མའི་ལམ་འདི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་སྲིད་བྱུས་ཡང་དག་པ་ཞིག་ལ་ངོས་འཛིན་གྱིས་སྤྱི་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་ཉིན་མོ་ཁྱད་པར་བ་ཞིག་ཡིན་པས། ལས་འགུལ་ཁང་ནས་དམིགས་སུ་བཀར་ཏེ་དབུ་མའི་ལམ་ཉིན་མོ་ཞེས་གཏན་འབེབས་སྲུང་བརྩི་བྱེད་སྲོལ་བཏོད་པ་ལྟར། ཐེངས་འདིར་དབུ་མའི་ལམ་ཉིན་མོ་ཐེངས་༧ པ་དེ་སྲུང་བརྩི་བྱེད་བཞིན་ཡོད་སྐོར་དང་། དབུ་མའི་ལམ་གྱི་བྱུང་རིམ་དང་དེ་ལ་བོད་ཕྱི་ནང་གཉིས་དང་རྒྱལ་སྤྱི། དེ་བཞིན་རྒྱ་རིགས་མཁས་པ་ཁག་གིས་རྒྱབ་སྐྱོར་ཐོབ་པ་སོགས་ཀྱི་སྐོར་ལ་འཁོད་འདུག

དེ་བཞིན་ལས་འགུལ་ཁང་གིས་ད་བར་འདས་པའི་ལོ་ངོ་བཅུའི་ནང་བོད་མི་གནས་ཡུལ་ཁག་གི་ནང་ཐེངས་འགའ་ཤས་དང་དེ་བཞིན་རྒྱ་རིགས་གཙོས་ཕྱི་རྒྱལ་མི་རིགས་ལའང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་ཡོད་པའི་སྤོབས་པ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལྷན་ཁང་གིས་ཕྱི་ལོ་༢༠༡༡ ལོའི་ནང་མང་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་གང་དང་སུའི་བརྒྱུད་འཕེལ་བྱས་ཡོད་མེད་ཞིབ་འཇུག་གནང་བའི་སྙན་ཐོ་དང་། བཀའ་ཁྲི་ཟུར་པ་༧ཟམ་གདོང་རིན་པོ་ཆེ་མཆོག་ནས་ལས་འགུལ་ཁང་གི་ལས་དོན་ལ་སྔ་ཕྱིར་བསྟོད་བསྔགས་གནང་ཡོད་པའི་དཔེ་མཚོན་བཀོད་འདུག

མུ་མཐུད་དུ་འཁོད་དོན་ལས་འགུལ་ཁང་ནས་རྒྱལ་ས་ལྡི་ལི་ནས་ཞི་བའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་ལས་འགུལ། རྒྱ་ནག་གཞུང་ཚབ་དང་རྒྱལ་སྤྱི། རྒྱ་གར་སོགས་ལ་བོད་རྒྱ་འབྲེལ་མོལ་ཡོང་བའི་ཞུ་སྙན་དང་རྒྱབ་སྐྱོར་གྱི་ཞུ་སྙན་བྱས་པ། དེ་བཞིན་ལས་འགུལ་གཞན་ཁག་བཅས་སྤེལ་ཡོད་པར། བོད་མིའི་སྒྲིག་འཛུགས་ནས་སྔགས་བརྗོད་ཐོབ་པས། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་སྔར་ལྟར། དབུ་མའི་ལམ་ལ་ལས་འགུལ་སྤེལ་རྒྱུ་ཡོད་རེད། རྒྱ་གཞུང་ནས་གང་སྤྲད་པ་དེར་སྒུག་བསྡད་རྒྱུ་རེད་ཅེས་པའི་དབུ་མའི་ལམ་གྱི་སྲིད་བྱཡུས་དང་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་ཟུར་ཟ་བྱ་མཁན་རིགས་ཆེས་ཉུང་དུ་ཕྱིན་ཡོད་སྐོར་འཁོད་འདུག

བོད་མིའི་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་མ་གཏོགས་འདེམས་ཀ་གཞན་མེད་པ་གསལ་པོ་ཡིན་སྐོར་འཁོད་དོན་། ༧གོང་ས་མཆོག་ནས་དབུ་མའི་ལམ་གྱི་གལ་གནད་སྐོར་བཀའ་སློབ་གནང་བ་ལྟར། བོད་དོན་བདེན་མཐའ་སེལ་བར་དབུ་མའི་ལམ་ལས་ཐབས་ལམ་གཞན་མེད་པ་གསལ་པོ་ཡིན་པ་ཚང་མས་ཤེས་དགོས་པ་དང་། རྒྱལ་སྤྱིའི་ཐོག་གཉིས་ཕན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་བཀོད་ནས། མི་མང་གིས་དབུ་མའི་ལམ་གྱི་གོ་དོན་རྟོགས་པ་དང་། ནམ་ཡང་སེམས་ནས་འདོར་མི་རུང་བ། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་བཀོད་འདུག
དེ་རྗེས་༧གོང་ས་མཆོག་གི་བཀའ་སློབ་མི་འདྲ་བ་གསུམ་བསྟན་སོང་བ་དང་། དེ་ལས་དང་པོ་དེའི་ནང་དོན་གཙོ་བོ་ནི་བོད་མི་ཚོས་རང་བཙན་རྩོད་ཀྱི་ཡིན་ཟེར་ན། རྒྱ་ནག་ལ་ཁ་གཏད་གཅོག་དགོས་པས། དེ་ནས་གཅོག་ཐབས་མེད་པ། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་ཤ་ཚ་ཡོད་ཀྱང་། དབུ་མའི་ལམ་ལས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་གསུངས་འདུག གཉིས་པ་དེའི་ནང་དོན་གཙོ་བོ་ནི་སྤྱི་ཚོགས་ནང་དབུ་མའི་ལམ་དེ་བོད་ནང་གི་བོད་མིའི་མངོན་འདོད་མེད་སྐོར་བརྗོད་མཁན་ཡོད་ཀྱང་། ༧གོང་ས་མཆོག་གིས་བོད་ནང་གི་ཤེས་ཡོན་པ་དང་སློབ་ཆེན་ཐོན་པ་བརྒྱ་ཕྲག་མང་པོ་མཇལ་འཕྲད་བྱུང་སྐབས། དེ་དག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་པ།

གསུམ་པ་དེའི་ནང་དོན་གཙོ་བོ་ནི་ཕྱིའི་རང་དབང་ལུང་པའི་ནང་རང་བཙན་དགོས་སྐོར་བརྗོད་བསྡད་ན། རྒྱ་ནག་མཁྲེགས་འཛིན་པ་ཚོས་བོད་མི་རྣམས་ལ་ཁ་བྲལ་པ་ཞེས་བཏགས་ནས། བོད་ནང་གི་བོད་མི་ཚོར་དྲག་གནོན་བྱེད་ཆེད་ཀྱི་ལག་ཆ་ཐོབ་ཀྱི་ཡོད་ཁར། དེས་བོད་རྒྱ་ཞི་མོལ་ལ་ཡང་ཕན་གྱི་མེད་སྐོར་རེད་འདུག

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་གིས། གལ་ཏེ་བོད་མི་ཚོས་རང་བཙན་བརྩད་ན་བོད་ཀྱི་ས་ཁྲ་ཚང་མ་ཚུད་ཀྱི་ཡོད་མེད་ལ་ཉམས་ཞིབ་དང་བསམ་བློ་གཏོང་དགོས་པ། དེ་ཡང་བོད་སིལ་བུར་ཐོར་རྗེས་གནས་སྟངས་འགྱུར་བ་ཕྱིན་ཡོད་པས། བོད་ཀྱི་ས་ཁྲ་ཚང་མ་བོད་ལ་ཐོབ་པའི་གནས་བབ་ཡོད་མེད་བརྟག་དཔྱད་བྱེད་དགོས་ཏེ། ༧གོང་ས་མཆོག་ཡང་སྲིད་ངོས་འཛིན་བྱས་རྗེས་བོད་གཞུང་གིས་རྒྱ་ལ་དངུལ་འཕོན་ཆེན་སྤྲད་དགོས་པ་བྱུང་ཡོད་སྐོར་བརྗོད་ནས། འཛམ་གླིང་ནང་གི་དཔོན་པོ་སོགས་ཀྱི་ལམ་སྟོན་ཞུ་ས་༧གོང་ས་མཆོག་ཡིན་ཡང་། བོད་མི་ཁག་ཅིག་གིས་ཁོང་ལས་ལྷག་པ་ཡོད་ཚུལ་བྱེད་པ་དེ་ནི་སྣང་བ་འཁྲུལ་བ་ཡིན་པ་སོགས་ཀྱི་སྐོར་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས། དབུ་མའི་ལམ་ཉིན་མོ་དེ་སྲུང་བརྩི་བྱེད་དགོས་པའི་གལ་ཆེའི་རྒྱུ་མཚན་གསུམ་ནི། དབུ་མའི་ལམ་དེ་ནི་མང་གཙོའི་བརྒྱུད་རིམ་ཐོག་ནས་གཏན་འབེབས་བྱས་པ་ཡིན་པ། དེ་བཞིན་མི་མང་གི་འདོད་པ་དང་རྒྱབ་སྐྱོར་དེ་༧གོང་ས་མཆོག་གི་དགོངས་པ་དང་མཐུན་པ་ཡིན་པས་རླབས་ཆེན་ཡིན་པ། མཐའ་མར་དབུ་མའི་ལམ་གྱི་སྲིད་བྱུས་དེ་འགྱུར་བ་གཏོང་དགོས་ཚེ། ལམ་ཁ་གཅིག་པུ་དེ་ནི་མང་མོས་ཐག་གཅོད་འོས་བསྡུའི་ཐོག་ནས་བྱེད་དགོས་བཅས་ཡིན་སྐོར་བརྗོད་སོང་།

དེ་བཞིན་ཁོང་གིས་དེ་སྔོན་བོད་རྒྱ་གྲོས་མོལ་གྱི་སྐབས་སུ། རྒྱ་ནག་ཕྱོགས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་དང་ཚོགས་པ་བྱེ་བྲག་ཁག་ཅིག་གིས། དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་སྐོར་བརྗོད་ཡོད་པས། བོད་མི་ཚོར་རྒྱ་ནག་གཞུང་དང་མི་མང་ལ། བོད་མི་ཚོར་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཡོད་པ་ར་སྤྲོད་བྱེད་ཐུབ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

མཐའ་མ་དེར་ཁོང་གིས་དབུ་མའི་ལམ་བརྒྱུད་ནས་བོད་དོན་མི་སེལ་བའི་རྒྱུ་མཚན་གཉིས་ནས། གཅིག་རྒྱ་ནག་གི་མཁྲེགས་འཛིན་གི་སྲིད་བྱུས་ལ་ཐུག་གི་ཡོད་པ་དང་། གཉིས་ནི་བོད་མི་ཚོའི་ངོས་ནས་དབུ་མའི་ལམ་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་ཡོད་མེད་ཀྱི་དྲི་བ་ལ་ཐུག་གི་ཡོད་པ་དང་། རྒྱ་ནག་གཞུང་དང་མི་མང་ལ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་གོ་བརྡ་སྤྲད་ཐུབ་ཡོད་མེད་ཀྱི་དྲི་བ་ལ་ཐུག་གི་ཡོད་པ་སོགས་ཀྱི་སྐོར་ལ་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས། དབུ་མའི་ལམ་དེ་༧གོང་ས་མཆོག་གི་ལམ་སྟོན་གནང་བ་དང་། མི་མང་གིས་རྒྱབ་སྐྱོར་ཐོབ་པ་ཡིན་པས། རྒྱུན་དུ་དབུ་མའི་ལམ་དེ་མི་མང་ལམ་ཡིན་པར་བསམ་གྱི་ཡོད་པ། དེ་བཞིན་བཙན་བྱོལ་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་ཐོག་ལས་འགུལ་སྤེལ་བར་དགའ་བསུ་ཡོད་ཀྱང་། ལྟ་བ་མི་འདྲ་བ་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་ཟུར་ཟ་དང་སྤྱི་ཚོགས་དཀྲུག་པར། ངོས་ལེན་ནམ་ཡང་བྱེད་ཐབས་མེད་པས་དེ་རིགས་ལ་ཚིག་རྩུབ་སོགས་ཀྱི་ཐོག་ནས་མིན་པར། རྒྱུ་མཚན་བཤད་ནས་གདོང་ལེན་བྱེད་དགོས་པ། དེ་བཞིན་བོད་ཀྱི་སྐད་ཡིག་ཉར་ཚགས་བྱེད་རྒྱུ་གལ་ཆེན་ཡིན་པ། བོད་མི་ཚོར་༧གོང་ས་མཆོག་མཇལ་སྐབས་ཚུར་ཤུགས་དྲག་པོ་སླེབས་ཀྱི་ཡོད་ཀྱང་། རྒྱུན་དུ་༧གོང་ས་མཆོག་གི་བཀའ་སློབ་ཀློག་གི་མེད་པས་ཀློག་དགོས་པ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༧༨ ཀློག་གྲངས།