ལྕམ་ཨང་སན་སུ་ཅིའི་གཏམ་བཤད་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

འབར་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ལྕམ་ཨམ་སང་སུ་ཅིས། ཡུན་རིང་རྗེས་འབར་མའི་རུང་གྷེ་ཡའི་གནད་དོན་ཐད་གཏམ་བཤད་ཐེངས་དང་པོ་བྱས་འདུག་པ་དང་། རྒྱལ་སྤྱིའི་ནང་གཏམ་བཤད་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག་ཀྱང་། འབར་མའི་མི་མང་པོས་དགའ་བསུ་བྱས་འདུག
ཟླ་༩ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༡༧ ཉིན་དབྱིན་ཡུལ་དང་ཨ་རི། ཧྥ་རན་སི། ཁེ་ན་ཌ། ཨོ་སི་ཀྲུ་ལི་ཡ་བཅས་ཀྱི་མཐོ་རིམ་འགོ་ཁྲིད་ཁག་གིས། ལྕམ་ཨན་སང་སུ་ཅི་ལ་ཁ་ཆེ་རུང་གྷེ་ཡར་དྲག་གནོན་མཚམས་འཇོག་ཡོང་ཐབས་བྱེད་པའི་རེ་སྐུལ་བྱས་ཡོད་འདུག ཟླ་༩ པའི་ཚེས་༡༨ ཉིན་ལྕམ་ཨང་སན་སུ་ཅིས་ཆུ་ཚོད་ཕྱེད་ཀའི་རིང་དབྱིན་ཡིག་ཐོག་གི་གཏམ་བཤད་ཅིག་རྒྱལ་ནང་དུ་བརྙན་འཕྲིན་བརྒྱུད་རྒྱང་སྲིང་བྱས་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་དམིགས་པ་ཡིན་འདུག  རྒྱལ་སྤྱིའི་ནང་མི་མང་པོ་ཞིག་གིས་འབར་མའི་རུང་གྷེ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དམག་མིས་དྲག་གནོན་བྱེད་བཞིན་པ་དེར། ལྕམ་ཨང་སན་སུ་ཅིས་སྐྱོན་བརྗོད་བྱེད་པའི་རེ་བ་བྱས་ཡོད་ཀྱང་། མོའི་གཏམ་བཤད་ནང་དྲག་གནོན་གྱི་གནད་དོན་དེར་སྐྱོན་བརྗོད་བྱས་མེད་པ་མ་ཟད། གཞུང་གིས་ཁ་ཆེ་རུང་གྷེ་ཡ་མི་རིགས་ཕོན་ཆེན་ཞིག་བྲོས་བྱོལ་འགྲོ་དགོས་དོན་ལ་རྟོག་ཞིབ་བྱེད་པར་དུས་ཚོད་སྣོན་མ་དགོས་སྐོར་བརྗོད་ཡོད་འདུག

མོས་བྷང་ལ་ཌེ་ཤིར་བྲོས་བྱོལ་སོང་བའི་ཁ་ཆེ་མི་རིགས་དང་གཞན་རྣམས་ལ་སེམས་འཚབ་ཡོད་པ་དང་། འབར་མའི་གཞུང་ལ་གནད་དོན་དེར་རྒྱལ་སྤྱིའི་ཐོག་ནས་རྟོག་ཞིབ་ཡོང་བར་སེམས་འཚབ་མེད་སྐོར་བརྗོད་འདུག ཕྱི་ལོག་ནས་ར་ཁེ་ནི་མངའ་ཁུལ་དུ་དཀའ་ངལ་ལ་རྟོག་ཞིབ་བྱེད་པར་ཡོང་བར་མགྲོན་འབོད་བྱས་ནས། བྷང་ལ་ཌེ་ཤིར་བྲོས་བྱོལ་སོང་བ་ལས་བསྐྱར་དུ་འབར་མའི་ནང་གཞིས་ཆགས་པའི་ཆ་རྐྱེན་ཡོད་མཁན་ལ་རྟོག་ཞིབ་བྱས་ནས། ཕྱིར་ལོག་ཡོང་བའི་བརྒྱུད་རིམ་འགོ་འཛུགས་བྱེད་རན་ཡོད་སྐོར་བརྗོད་འདུག་ཀྱང་། བྲོས་བྱོལ་དུ་སོང་བ་ཚང་མ་ཕྱིར་ལོག་ཡོང་རྒྱུ་ཡོད་མེད་གསལ་པོ་བཟོས་མེད་རྐྱེན། ཁ་ཆེ་རུང་གྷེ་ཡའི་མི་རིགས་ཕལ་ཆེ་བར་འབར་མའི་མི་སེར་ལག་ཁྱེར་དང་ངོས་འཛིན་ལག་ཁྱེར་ཡང་མེད་པས། ག་ཚོད་ཕྱིར་ལོག་ཐུབ་ཀྱི་ཡོད་མེད་བརྗོད་པར་ཁག་པོ་ཡིན་འདུག

མོས་ར་ཁེ་ནི་མངའ་ཁུལ་དུ་དྲག་སྤྱོད་གནད་དོན་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སོགས་ཁྲིམས་འགལ་གྱི་གནས་ཚུལ་བྱུང་ཡོད་ཚེ། དེར་འགན་ཡོད་མཁན་ཚང་མར་དྲང་བདེན་གྱི་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག རྒྱལ་སྤྱིའི་ནང་ལྕམ་ཨང་སན་སུ་ཅི་ལ་དམག་གི་སྒྲིག་འཛུགས་ལ་སྟངས་འཛིན་བྱེད་པའི་དབང་ཚད་མེད་པ་ཤེས་ཀྱི་ཡོད་ཀྱང་། མོས་དམག་གི་སྒྲིག་འཛུགས་ཀྱི་བྱེད་ལས་ལ་སྐྱོན་བརྗོད་ཐེར་འདོན་མ་བྱས་པར་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག འཛམ་གླིང་སྲིད་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་རྒན་པ་དང་འབར་མའི་ནང་མི་རིགས་གཙང་སེལ་གྱི་སྐོར་དེབ་བྲིས་ཡོད་མཁན་ཨ་ཛེམ་ཨེབ་ར་ཧེམ་གྱིས། དེང་སང་ལྕམ་ཨང་སན་སུ་ནི་ཞི་བདེའི་ལས་འགུལ་བ་ཞིག་མིན་ཁར། ཆབ་སྲིད་པ་ཆ་ཚང་བ་ཞིག་ཆགས་ཡོད་སྐོར་བརྗོད་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས། གལ་ཏེ་ལྕམ་ཨང་སན་སུ་ཅིས་རུང་གྷེ་ཡའི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་བཟུང་ནས་དམག་གི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་ཚེ། འབར་མའི་ནང་རྒྱབ་སྐྱོར་ཆུང་དུ་འགྲོ་ཉེན་ཡོད་པ་མ་ཟད། དམག་གི་སྒྲིག་འཛུགས་ཀྱི་དབང་ཚད་ལ་ཡང་ཁ་གཏད་གཅོག་ཐབས་བྲལ་བ་ཡིན་པས། མོའི་སྐྱོན་བརྗོད་གསལ་པོ་མི་བྱེད་པའི་རྒྱུ་མཚན་དེ་ཡང་ཆབ་སྲིད་ཀྱི་དགོས་མཁོ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

འབར་མ་དང་བྷང་ལ་ཌེ་ཤེའི་ས་མཚམས་སུ་བྲོས་བྱོལ་དུ་སླེབས་ནས་གནས་ཡོད་པའི་རུང་གྷེ་ཡ་བ་ཚོས་ལྕམ་ཨང་སན་སུ་ཅི་ཡི་གཏམ་བཤད་ལ་མི་དགའ་བའི་བསམ་ཚུལ་ཤུགས་ཆེན་བརྗོད་འདུག དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛ་རས་བཅར་འདྲི་བྱས་པའི་རུང་གྷི་ཡ་བྲོས་བྱོལ་བ་མང་པོ་ཞིག་གིས། ལྕམ་ཨང་སན་སུ་ཅི་ནི་བསླུ་བྲིད་མཁན་ཞིག་ཡིན་པས། མོའི་སྐད་ཆར་ཡིད་ཆེས་བྱེད་ཐུབ་ཀྱི་མེད་སྐོར་དང་། གལ་ཏེ་ལྕམ་ཨང་སན་སུ་ཅིས་འགན་འཁུར་ཡག་པོ་བླངས་ཡོད་ཚེ། གནད་དོན་དེ་ལྷག་མེད་སྲིད་ཀྱང། མོས་ཁུ་སིམ་མེར་བསྡད་ནས་དམག་གི་སྒྲིག་འཛུགས་ཀྱིས་རུང་གྷེ་ཡའི་མི་རིགས་ལ་དྲག་གནོན་བྱེད་པར་རྒྱབ་སྐྱོར་བྱས་ཡོད་སྐོར་བརྗོད་འདུག དེ་བཞིན་ཁག་ཅིག་གིས་གལ་ཏེ་ཁོ་ཚོར་མི་སེར་ཐོབ་ཐང་དང་ཞི་བདེ་ཡོང་བར་ཁས་ལེན་བྱས་ཚེ། ཕྱིར་ལོག་བྱ་འདོད་ཡོད་ཚུལ་བརྗོད་འདུག་ཀྱང་། ལྕམ་ཨང་སན་སུ་ཅིའི་སྐད་ཆར་ཡིད་ཆེས་བྱེད་ཁག་པོ་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༦༤ ཀློག་གྲངས།