གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་ཕྱི་ལ་ཐོན་ཏེ་ཚོགས་བཅར་མ་བྱས་པ།

གྲོས་ཚོགས་འཚོགས་བཞིན་པ།

དེ་རིང་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༤ པའི་ཉིན་གསུམ་པའི་སྔ་དྲོ། སྲོང་བཙན་གཟེངས་རྟགས་ཞེས་པ་སུས་སྤྲད་མིན་དང་འབྲེལ་ནས། གྲོས་ཚོགས་འཐུས་མི་ཁག་ཅིག་ཚོགས་ཞུགས་མ་བྱས་པར་ཕྱི་ལ་ཐོན་ཏེ། ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།
དེ་ཡང་༢༠༡༧ ལོའི་ཟླ་༤ ཚེས་༢ ཉིན་ཡོངས་གླིང་སློབ་གྲྭའི་འགན་འཛིན་སྤྱི་འཐུས་ལས་ཐོག་ཟླ་བ་ཚེ་རིང་ལ་སྲོང་བཙན་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། དེ་རིང་སྤྱི་འཐུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་སྲོང་བཙན་གཟེངས་རྟགས་དེ་དགའ་ལྡན་ཕོ་བྲང་གི་དྲུང་ཆེའི་ཕྱག་ནས་གནང་གི་འདུག དེ་འཛམ་གླིང་དུ་མཐོང་སྡོད་པ་ཞིག་རེད། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བྱེད་ཐུབ་མཁན་འདིར་ཡོད་ན་ལོག་ཀ་རེད།

སྲོང་བཙན་གཟེངས་རྟགས་མཛད་སྒོའི་སྐབས།

ཕྱི་ལོག་ལ་བསྟན་པ་ལས་ནང་ལོག་གནང་མེད་ཟེར་གྱི་ཡོད་ན་གང་ཤེས། གང་ལྟར་ནང་སྲིད་ལས་ཁུངས་ཀྱི་ས་ཁང་སྒྲིག་གཞི་གཏན་འབེབས་བཟོ་ཡི་ཡོད་པས། ཡོངས་གླིང་སློབ་གྲྭའི་ཐོག་ལག་པ་འཆང་ཕོད་སོང་ངམ་མ་སོང་། དེའི་སྐོར་ད་ལྟའི་གནས་སྟངས་ག་འདྲ་ཆགས་ཡོད་པ་ལན་གསལ་པོ་དགོས་ཀྱི་ཡོད་ཅེས་དང་སྤྱི་རྒྱུ་སྒེར་བདག་གི་སྐོར་གསུངས་ཡོད་པ་རེད།

དེ་རྗེས་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས། སྲོང་བཙན་གཟེངས་རྟགས་དགའ་ལྡན་ཕོ་བྲང་གི་ཕུལ་རེད་གསུང་གི་འདུག དེ་ལབ་དུས་ཞུ་ས་དེ་གང་ཡིན་མིན་ཤེས་ཀྱི་རེད། ༧རྒྱལ་བ་རིན་པོ་ཆེ་དང་སྐྱབས་མགོན་རིན་པོ་ཆེའི་ལས་ཁུངས་བསྙོན་འཛུགས་ཀྱི་ཚིག་སྦྱོར་དེ་ཕྱིར་

སྲོང་བཙན་གཟེངས་རྟགས་མཛད་སྒོའི་སྐབས།

འཐེན་དང་དགོངས་སེལ་མ་ཞུས་བར་དུ་ཚོགས་འདུ་ལ་བཅར་ཐུབ་པའི་གནས་སྟངས་མི་འདུག་ཅེས་གསུངས་ཏེ། ཁོང་ཡར་ལངས་ཏེ་གྲོས་ཚོགས་ཀྱི་ཕྱི་ལ་ཐོན་ཡོད་པ་རེད།

དེ་རྗེས་ནང་སྲིད་བཀའ་བློན་གྱིས་ཡོངས་གླིང་སློབ་གྲྭའི་སྐོར་ལ་ཞུ་གཏུག་བྱེད་མཁན་ཁག་ཅིག་བྱུང་ཡོད་སྐོར་དང་། དེ་ཁྲིམས་ཐོག་ནས་ཐག་གཅོད་དགོས་པ་ལས་ནང་སྲིད་ཀྱིས་ཐག་གཅོད་བྱེད་མི་ཐུབ་སྐོར་གསུངས་སོང་།

སྲོང་བཙན་གཟེངས་རྟགས་མཛད་སྒོའི་སྐབས།

དེ་རྗེས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས། ཆོལ་ཁ་གསུམ་གྱི་མི་མང་པོ་འཛོམས་ནས་སྲོང་བཙན་གཟེངས་རྟགས་སྤྲད་སྐོར་དང་། སྐབས་དེར་དམིགས་བསལ་སྐུ་ཚབ་ལ་ཤེས་རིག་བཀའ་ཟུར་སྒྲོལ་མ་གླིང་གི་འགན་འཛིན་ཕེབས་ནས་ཁོང་གི་ཕྱག་ནས་ཕུལ་བ་ཡོངས་གྲགས་ཡིན་སྐོར། ༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་བཀའ་སྤྱི་གཉིས་ཀར་ཡོད་པས། ཚིག་དེ་ཕྱིར་འཐེན་དང་དགོངས་སེལ་མ་ཞུས་ན་ཚོགས་བཅར་ཐུབ་ཀྱི་མེད་སྐོར་གསུངས་ནས། ཕྱི་ལ་ཕེབས་པ་དང་མཉམ་དུ་སྤྱི་འཐུས་ཁག་ཅིག་མཉམ་དུ་ཕྱི་ལ་ཕེབས་ཡོད་པ་རེད།

སྲོང་བཙན་གཟེངས་རྟགས་མཛད་སྒོའི་སྐབས།

དེ་རྗེས་ཚོགས་ཐེངས་དེ་གཙོ་སྐྱོང་བ་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། དེ་དང་འབྲེལ་ནས་གསལ་བཤད་མདོར་བསྡུས་གནང་བ་དང་། གཟེངས་རྟགས་དེ་དགའ་ལྡན་ཕོ་བྲང་གིས་ཕུལ་མེད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་ན་ཚིག་དེ་ཕྱིར་འཐེན་བྱས་ན་ཡག་པོ་ཡོད་སྐོར་གསུངས་སོང་། ད་ལྟ་ཚོགས་འདུ་ཉིན་གུང་གསོལ་ཚིག་གི་བར་གསེང་བཏང་ཡོད་པ་རེད།

གཟེངས་རྟགས་དེ་དགའ་ལྡན་ཕོ་བྲང་གིས་ཕུལ་མེད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་ན་ཚིག་དེ་ཕྱིར་འཐེན་བྱས་ན་ཡག་པོ་ཡོད་སྐོར་གསུངས་རྗེས་ཉིན་གུང་གསོལ་ཚིག་གི་བར་གསེང་བཏང་ཡོད་པ་རེད།།

ཕྱི་དྲོ་ཚོགས་འདུ་ཕར་འཚོགས་སྐབས་གདད་དོན་དེར་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་གྲོས་ཚོགས་འཐུས་མི་མང་པོ་མཉམ་ཞུགས་མ་བྱས་ནས། ཚོགས་ཐུན་གསུམ་པ་འཚོགས་ཐུབ་མེད་པ་རེད།

ཚོགས་ཐུན་བཞི་པ་འཚོགས་སྐབས་གྲོས་ཚོགས་འཐུས་མི་ཚང་མ་འཛོམས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་གནད་དོན་དེ་དང་འབྲེལ་ནས་གསལ་བཤད་གནང་དོན། “ཉིན་གུང་ང་ཚོས་ཞིབ་འཇུག་བྱས་ནས། དགའ་ལྡན་ཕོ་བྲང་ལ་སྐད་ཆ་དྲིས་ཡིན། དེའི་སྐབས་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚོར་མགྲོན་ཤོག་སླེབས་འདུག ཕེབས་ཡོད་པ་མ་རེད། ཕེབས་མཁན་དེ་སྐུ་སྒེར་གྱི་ཐོག་ནས་ཕེབས་པ་ལས། དགའ་ལྡན་ཕོ་བྲང་གི་ཚབ་བྱས་ནས་ཕེབས་མེད་པ་གསལ་པོ་གསུངས་སོང་། དགའ་ལྡན་ཕོ་བྲང་དང་མཛད་སྒོ་དེར་འབྲེལ་བ་རྩ་བ་ནས་མི་འདུག བཀུར་འོས་སྤྱི་འཐུས་གཅིག་གིས་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཡོད་སྐོར་གསུངས་པ་དེ་དགོངས་སེལ་དང་སྦྲགས་ནས་ཕྱིར་འཐེན་བྱས་ན་ཡག་ཤོས་རེད། གྲོས་ཚོགས་ཀྱི་དེབ་ཐེར་ནང་ནས་ཕྱིར་འཐེན་ལ་རྒྱབ་སྐྱོར་ཡོད་”ཅེས་གསུངས་སོང་།

དེ་རྗེས་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གསུངས་དོན། སྤྱི་རྒྱུ་སྒེར་བདག་བྱེད་མཁན་གྱི་སྤྱི་འཐུས་དེ་ལ་སྲོང་བཙན་གཟེངས་རྟགས་དེ་དགའ་ལྡན་ཕོ་བྲང་གིས་སྤྲད་མེད་པ་ཙམ་དུ་མ་ཟད། སྐབས་དེའི་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བཅར་ནས་ཕྱག་རྟགས་དང་གཟེངས་རྟགས་དེ་ཚོ་གནང་བ་དེ་དགའ་ལྡན་ཕོ་བྲང་གི་འབྲེལ་བ་མེད་ཅེས་གསུངས་ཡོང་དུ། ངའི་སྐད་ཆ་ཚང་མ་ཕྱིར་འཐེན་བྱེད་གི་ཡིན་”ཞེས། བོད་མི་ས་ཡ་དྲུག་གི་རེ་ལྟོས་བྱེད་ས་༧གོང་ས་སྐྱབས་མགོན་རེད། དེའི་ལས་ཁུངས་དགའ་ལྡན་ཕོ་བྲང་ཡིན་པས། དེའི་ནང་ལས་ཀ་བྱེད་མཁན་ཚོས་ཐུགས་གཟབ་གནང་དགོས་སྐོར་གསུངས་རྗེས། གྲོས་ཚོགས་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༦༢ ཀློག་གྲངས།