ནང་སྲིད་ཀྱི་ལྟ་རྟོག་འོག་ཉམས་ཐག་མིན་མཁན་ཡང་ཡོད་འདུག

གྲོས་ཚོགས་ནང་སྤྱི་འཐུས་ཤིག་གིས་བལ་ཡུལ་གྱི་ས་གནས་ཤིག་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལྟ་རྟོག་འོག་ཏུ། བོད་མི་ཉམས་ཐག་དངོས་ཡོད་ཁག་ཅིག་ལ་ལྟ་རྟོག་རག་གི་མེད་ཁར། དཔལ་འབྱོར་གནས་སྟངས་བཟང་ཤོས་ལ་ཉམས་ཐག་ལྟ་རྟོག་ཐོབ་པའི་གནས་སྟངས་འདུག་པས། གནས་སྟངས་དེའི་རིགས་ཀྱིས་མི་མང་གིས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་དང་རེ་བ་བརླག་པའི་ཉེན་ཁ་ཡོད་སྐོར་བརྗོད་སོང་།

ཟླ་༩ པའི་ཚེས་༢༡ ཉིན་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ཐེངས་བཞི་པའི་ལས་ཉིན་གསུམ་པའི་སྐབས། ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་ལན་འདེབས་གསལ་བཤད་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཉམས་ཐག་དངོས་ཡོད་མིན་པར་ནང་སྲིད་ལས་ཁུངས་ཀྱི་ཉམས་ཐག་ངོས་འཛིན་ཡོད་པ་དང་ཉམས་ཐག་དངོས་ཡོད་ལ་ངོས་འཛིན་མེད་པའི་གནས་སྟངས་སྐོར་བརྗོད་དོན། “ཉམས་ཐག་ཟེར་ནས་ཞུས་ཡོང་དུས་ཉམས་ཐག་ཏག་ཏག་མ་བསྡད་མཁན་མང་པོ་ཞིག་མཐོང་གི་འདུག ལྷག་པར་དུ་ལོ་སྔོན་མར་གྲོས་ཚོགས་ནང་ཞུས་ཡོད་བསམས་སོང་། ང་རང་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་བསྐྱོད་སྐབས། སྤྱིར་བཏང་ཕལ་ཆེ་བ་ཞིག་ཉམས་ཐག་རེད་འདུག་སྟེ། དེ་གར་ནང་སྲིད་ལས་ཁུངས་ཀྱི་ཉམས་ཐག་ངོས་འཛིན་ཡོད་མཁན་གྱི་ཐོ་གཞུང་ནང་། གྲོངས་པ་དེའི་ནང་དཔལ་འབྱོར་བཟང་ཤོས་དེ་ཚུད་བསྡད་འདུག”ཅེས་དང་།

སྐབས་དེར་ཉེ་འཁོར་གྱི་བོད་མི་ཉམས་ཐག་དངོས་གནས་ཡིན་མཁན་ཚོས། མིག་ཆུ་བཏང་བཞིན་ཁོང་རྣམས་པས་༧གོང་ས་མཆོག་གི་བཀའ་དྲིན་འོག་དཀའ་ངལས་སེལ་གྱི་རེད་སེམས་ནས་སྡོད་ཀྱི་ཡོད་ཀྱང་། ལས་ཀ་བྱེད་མཁན་ཚོས་ལས་ཀ་ཏག་ཏག་མ་བྱས་པའི་རྐྱེན་གྱིས། གྲོངས་པའི་ནང་གི་དཔལ་འབྱོར་ཡག་ཤོས་དེར་ཉམས་ཐག་ཐོབ་ཐང་རག་གི་ཡོད་ཁར། ཁོ་ཚོར་རག་གི་མེད་པ་བཤད་པས། དེ་དུས་དེར་ཡོད་ཤར་ཁུམ་བདེ་ལེགས་དང་ཝ་ལུང་བསམ་འཕེལ་གླིང་། ར་སུ་ཝ་དགེ་གླིང་བཅས་ཁུལ་གསུམ་གྱི་ས་གནས་འགོ་འཛིན་ལ་གནས་སྟངས་དེའི་སྐོར་སྐད་ཆ་དྲིས་སྐབས། ཁོང་གིས་གནས་སྟངས་དེ་སྔ་མ་ནས་དེ་འདྲ་ཆགས་བསྡད་འདུག་པས་འགྱུར་བ་གཏོང་ཐུབ་ཀྱི་མེད་པའི་ལན་འདེབས་བྱས་ཡོད་སྐོར་བརྗོད་ནས། དེ་བཞིན་སྔོན་མ་གྲོས་ཚོགས་ནང་གནས་སྟངས་དེའི་སྐོར་བཤད་པ་ལྟར། ཐེངས་འདིར་ད་ལྟའི་ཆར་གནས་སྟངས་དེ་གང་འདྲ་ཆགས་ཡོད་མེད་སྐོར་དྲིས་སོང་།
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས། ཉེ་ཆར་ལས་བྱེད་གཉིས་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་སུ་སྐོར་སྐྱོད་ཕྱིན་ནས། སྙན་ཐོ་ཞིག་བཏོན་ཡོད་པས་དེའི་ནང་ཐོན་དགོས་པ་ཆགས་ཡོད་པ་དང་། གལ་ཏེ་སྙན་ཐོ་དེའི་ནང་གནས་སྟངས་དེ་མེད་པ་ཡིན་ན། ཡོངས་གྲགས་སུ་དཔལ་འབྱོར་གནས་སྟངས་དྲག་ཤོས་དེ་ཉམས་ཐག་ཁོངས་སུ་ཚོད་ཡོད་པ་དེ་ཐོ་ཁུངས་ནས་ཕྱིར་འདོན་རྒྱུ་ཡིན་སྐོར་ལན་འདེབས་གནང་སོང་།
ཕྱི་ལོ་༢༠༡༦ ལོའི་ནང་བཙན་བྱོལ་བོད་མིའི་ཉམ་ཐག་ལྟ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཚེ་རིང་ཕུན་ཚོགས་ཀྱིས་བཅར་འདྲི་ཞིག་གི་ཐོག་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདས་པའི་ལོ་བཅུའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དངོས་ཡོད་ཀྱི་ཉམ་ཐག་ཡིན་མིན་དབྱེ་ཞིབ་གནང་ཐུབ་པ་ཡོད་ཀྱང་། གནང་མ་ཐུབ་པ་ཡང་མང་པོ་ཡོད་པ་གསལ་པོ་ཞིག་ཡིན་པ་དང་། དེ་བཞིན་སྤྱི་ཚོགས་ནང་ཉམས་ཐག་མིན་ཡང་དེའི་ཐོབ་ཐང་ལེན་ཐབས་བྱེད་མཁན་མང་པོ་ཡོད་པ་འདྲ་བོའི་ཚོར་བ་བྱུང་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༨༩ ཀློག་གྲངས།