བོད་ཀྱི་ཡོ་གས་ནུ་མའི་སྐྲན་ནད་ལ་ཕན་ཐོགས་ཀྱི་ཡོད་འདུག

ནུ་མའི་སྐྲན་ནད་ཡོད་པའི་བུད་མེད་རྣམས་ཀྱིས་རྫས་སྦྱོར་གྱི་བཅོས་ཐབས་ལ་བརྟེན་གྱི་ཡོད་པ་དང་། བཅོས་ཐབས་དེའི་ཟུར་གྱིས་གནོད་སྐྱོན་ཐེབས་པ་ཁག་ཅིག་ལ་བོད་ཀྱི་ཡོ་ག་རྩེས་ནས་ཕན་ཐོགས་ཀྱི་ཡོད་པའི་ཞིབ་འཇུག་གྲུབ་དོན་ཞིག་ཐོན་འདུག

ཟླ་༩ པའི་ཚེས་༢༡ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་ཚན་རིག་གི་དྲ་ཐོག་ཁག་གཅིག་ཏུ་གནས་ཚུལ་བཀོད་གསལ།  ཨ་རིའི་ཀྲེག་སེ་སི་སྨན་རིག་གི་ཨེན་ཌེར་སོན་སྐྲན་ནད་ལྟེ་གནས་ཁང་(University of Texas MD Anderson Cancer Center ) གིས། ནུ་མའི་སྐྲན་ནད་ཡོད་པ་དང་རྫས་སྦྱོར་གྱི་བཅོས་ཐབས་ལ་བརྟེན་བཞིན་པའི་བུད་མེད་༢༢༧ ལ་ཞིབ་འཇུག་བྱས་ཡོད་འདུག་པ་དང་། དེ་ཡང་བུད་མེད་རྣམས་སྡེ་ཚན་གསུམ་དུ་ཕྱེ་ནས། སྡེ་ཚན་གཅིག་བོད་ཀྱི་ཡོ་གའི་ལས་རིམ་ལ་ཞུགས་པ་དང་། གཅིག་རྒྱུན་ལྡན་གྱི་གཟུགས་པོ་བརྐྱང་སྐུམ་གྱི་ལུས་རྩལ་ལ་ཞུགས་འདུག དེ་བཞིན་སྡེ་ཚན་གཞན་ཞིག་གོང་གི་ལས་རིམ་གང་རུང་ལ་མ་ཞུགས་པའི་ཐོག་ནས། ལས་རིམ་དེ་དག་གི་མཇུག་འབྲས་ལ་ཞིབ་འཇུག་བྱས་ཡོད་འདུག

དེ་དག་ལས་བོད་ཀྱི་ཡོ་ག་ལ་ཞུགས་མཁན་རེ་རེས་ཐེངས་རེར་སྐར་མ་༧༥ ནས་༩༠ བར། སློབ་ཁྲིད་བྱེད་མཁན་དང་མཉམ་དུ་བོད་ཀྱི་ཡོ་ག་རྩེས་ཡོད་འདུག་པ་དང་། དེ་དག་ལས་རིམ་རྗེས་སུ་ཡང་རང་གི་ཁྱིམ་དུ་རྩེ་དགོས་པའི་ལམ་སྟོན་བྱས་ཡོད་འདུག

བུད་མེད་དེ་དག་གིས་ཞིབ་འཇུག་ལས་རིམ་གྱི་ཟླ་ཤས་རྗེས་སུ། དེ་སྔོན་རྫས་སྦྱོར་བཅོས་ཐབས་སྐབས་ཀྱི་ཟུར་གྱི་ཤུགས་རྐྱེན་གཉིད་ཡག་པོ་མི་ཤོར་བའི་དཀའ་ངལ་དེ་སེལ་ཡོད་པ་དང་། ཁོང་ཚོ་དང་འདྲ་བའི་སྨན་བཅོས་ཐབས་ལམ་ལ་ཞུགས་མཁན་བུད་མེད་དག་ལས། ཁོ་ཚོ་གཉིད་ཡག་པ་ཁུག་གི་ཡོད་པ་དང་ཉིན་རེའི་ནང་ལུས་ཀྱི་དཀའ་ངལ་ཉུང་བ་འཕྲད་ཀྱི་ཡོད་སྐོར་བརྗོད་འདུག

ཞིབ་འཇུག་དེའི་རྩོམ་སྒྲིག་པ་ཌོག་ཊར་ཁོ་ཧེན་གྱིས། ཞིབ་འཇུག་དེའི་ནང་བོད་ཀྱི་ཡོ་ག་བེད་སྤྱད་དགོས་དོན་ནི། ཡོ་ག་དེ་རྩེ་སྐབས་གཟུགས་པོར་གནོད་སྐྱོན་ཆེ་བའི་གནོན་ཤུགས་སྤྲོད་ཀྱི་མེད་སྐོར་བརྗོད་འདུག་པ་དང་། ཞིབ་འཇུག་གི་གྲུབ་དོན་ལས་སྨན་པ་ཚོས་རྫས་སྦྱོར་བཅོས་ཐབས་ལ་བརྟེན་མཁན་ནད་པ་ཚོར། བོད་ཀྱི་ཡོ་ག་རྩེ་བའི་ལམ་སྟོན་བྱེད་འགོ་བཙུགས་དགོས་པ། དེ་བཞིན་ཡོ་ག་དེ་རྒྱུན་གཏན་ནས་རྩེ་དགོས་པ་ལས། དེ་མིན་ནུས་པ་ཐོན་གྱི་མེད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༨༡ ཀློག་གྲངས།