བོད་ཀྱི་སྐད་ཡིག་མི་ཤེས་མཁན་ལ་མཐོང་ཆུང་དང་དབྱེ་འབྱེད་བྱེད་མི་རུང་སྐོར་གླེང་སློང་བྱུང་སོང་།

གྲོས་ཚོགས་ནངསྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་དང་འབྲེལ་ནས། བོད་ཀྱི་སྐད་ཡིག་གི་གནས་སྟངས་ཉེན་ཁའི་འོག་སླེབས་ཡོད་པ། དེ་བཞིན་བོད་ཀྱི་སྐད་ཡིག་མི་ཤེས་མཁན་དང་ཤེས་ཐབས་བྱེད་མཁན་རྣམས་ལ། མཐོང་ཆུང་དང་དབྱེ་འབྱེད་བྱེད་སྟངས་དེས་ཕན་ལས་གནོད་ཆེ་བ་ཡོང་གི་ཡོད་པས། སློབ་གསོ་རྒྱག་སྟངས་འགྱུར་བ་གཏོང་དགོས་པ། བོད་ཀྱི་སྐད་ཡིག་ཐོག་ལས་ཀ་བྱེད་མཁན་རྣམས་ཀྱིས། ཡི་གེ་འབྲི་སྐབས་ཀློག་པ་པོར་གོ་བརྡ་འཕྲོད་ཐུབ་མིན་ཐོག་བསམ་བློ་གཏོང་དགོས་སྐོར་སོགས་གླེང་སློང་བྱུང་སོང་།

ཟླ་༩ པའི་ཚེས་༢༢ ཉིན་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཐེངས་༤ པའི་ལས་ཉིན་བཞི་པའི་ཐོག སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་གྱིས། སྤྱི་འཐུས་སྒེར་གྱི་གྲོས་འཆར་བཏོན་པར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གྱིས་རྒྱབ་སྐྱོར་བྱས་ཡོད་པ་རེད།

གྲོས་འཆར་གྱི་གྲོས་ཆོད་དུ་ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱད་དགོས་པ་བཏོན་རྗེས། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་གྱིས། བོད་ཀྱི་སྐད་ཡིག་གི་ཆགས་འཇིག་གནས་སྟངས་སྐོར་གླེང་ནས། རྒྱལ་ཁབ་གཞན་དང་རྒྱ་གར་ནང་གི་མངའ་སྡེ་ཞིག་དཔེ་རུ་བཞག་ནས། བོད་ཀྱི་སྐད་ཡིག་གི་མཁེ་དབང་དེ་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེ་སྐོར་བརྗོད་ཡོད་པ་རེད།

གྲོས་ཚོགས་ནང་གྲོས་ཆོད་དེའི་ཐོག་བགྲོ་གླེང་བྱས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས། བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པ་དང་དེའི་གནས་སྟངས་ཉེན་ཁའི་འོག་གནས་ཡོད་པའི་རྒྱུ་མཚན་ཤེས་དགོས་པ། སྐད་ཡིག་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གཅིག་ནི། ལོ་རྒྱུས་རྒྱབ་ལྗོངས་ལ་བལྟས་ན། བོད་མདོ་དབུས་ཁམས་གསུམ་གཅིག་ཡིན་པ་དང་བོད་རང་བཙན་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་ཤིག་ནི་བོད་ཀྱི་སྐད་ཡིག་ཡིན་སྐོར་བརྗོད་ནས། “དེང་སང་བཙན་བྱོལ་སྤྱི་ཚོགས་ནང་སྔར་དང་མི་འདྲ་བར། བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་དེའི་ཆེད་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་ནི་གལ་ཤིན་ཏུ་གལ་ཆེན་པོ་རེད་དེ། སྐབས་རེ་ང་རང་ཚོའི་ངོས་ནས་སློབ་གསོ་རྒྱག་དུས་རྒྱག་སྟངས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་འདུག ”ཅེས་བརྗོད་སོང་། ཁོང་གིས་མུ་མཐུད་ནས་༧གོང་ས་མཆོག་གང་དུ་ཕེབས་ནའང་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པ་དང་དོ་སྣང་བྱེད་དགོས་པའི་བཀའ་གནང་གི་ཡོད་པ་དང་། སྤྱི་ཚོགས་ནང་སྐབས་རེ་བོད་ཡིག་ཕྲ་ལ་ཕྲན་བུ་ཤེས་མཁན་དག་གིས་ང་རྒྱལ་དང་ཁེངས་པ་ཁྱེར་ནས། ཕར་ཕྱོགས་ལ་བོད་མི་ཚད་ལྡན་ཡིན་མིན་འགྲེལ་བཤད་རྒྱག་གི་ཡོད་པ་དེ་འགྲིག་མིན་དྲིས་སོང་། དེ་བཞིན་སྤྱི་ཚོགས་ནང་དང་དྲ་ལམ་ཐོག་བོད་ཀྱི་སྐད་ཡིག་ཤེས་མཁན་རྣམས་ཀྱིས་ང་རྒྱལ་གྱི་ཐོག་ནས། སྐད་ཡིག་མི་ཤེས་མཁན་རྣམས་ལ་མཐོང་ཆུང་རྣམ་པ་བསྟན་པ་ཡིན་ན། བཙན་བྱོལ་ནང་གི་མི་རབས་གསར་པ་བོད་ཀྱི་སྐད་ཡིག་མི་ཤེས་ཀྱང་། བོད་པ་ཡིན་པར་སྤོབས་པ་ཡོད་མཁན་དང་ལས་འགན་གཙང་མ་འཁུར་མཁན་དག་ལ་ཕན་གྱི་མེད་པ་དང་། དེ་ལས་སློབ་གསོ་རྒྱག་སྟངས་དང་སེམས་ཤུགས་སྤོར་སྟངས་གཞན་བརྟེན་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་སོང་།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་གྱིས། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་དེ་དོ་སྣང་ཡོང་ཆེད་དུས་རབས་ཀྱི་རྗེས་ཟིན་པ་འགྲོ་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་དེ་དུས་རབས་ཀྱི་རྗེས་སུ་འགྲོ་ཆེད་ལས་ཀ་བྱེད་མཁན་མང་པོ་ཞིག་འཚོ་ཐབས་ཞན་པོ་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱིས་དེ་དག་ལ་མཐུན་སྦྱོར་གང་འདྲ་སྦྱར་དགོས་མིན་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་སྤྱི་ཚོགས་ནང་བོད་ཡིག་སྦྱངས་ནས་ཁ་ལག་རག་གི་མེད་སྐོར་བརྗོད་མཁན་རེ་བཟུང་ཡོད་པ་དེ། རྒྱུ་མཚན་ཡང་དག་མིན་ཡང་རྒྱུ་མཚན་གཅིག་ཆགས་བསྡད་ཡོད་པས། བོད་ཡིག་སྦྱངས་བརྩོན་བྱེད་མཁན་དང་དེའི་ཐོག་ལས་ཀ་བྱེད་མཁན། བོད་དགེ་སོགས་ལ་མཐུན་རྐྱེན་བསྐྲུན་རྒྱུ་སྒྲིག་འཛུགས་ཀྱི་འགན་ཆགས་ཡོད་སྐོར་བརྗོད་སོང་།

དེ་བཞིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་བོད་པའི་ནང་སྐད་ཡིག་གཉིས་གསུམ་ཤེས་མཁན་ཚོས། གཞན་གྱི་སྐད་ཡིག་ནང་ཡོད་པའི་རིག་གཞུང་བོད་ཀྱི་སྐད་ཡིག་དུ་ནང་འདྲེན་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ཐོག་འབྲི་མཁན་དང་ལས་ཀ་བྱེད་མཁན་དག་གིས་བཟང་ཕྱོགས་ཐོག་ནས་ཕན་ཐོགས་མང་པོ་བྱུང་ཡོད་ཀྱང་། སྐྱོན་ཆ་ཡང་ཡོང་གི་ཡོད་པ་དེ་ནི། དེ་དག་གིས་བསམ་བློའི་ཐོག་ནས་རང་ཉིད་ཀྱིས་བྲིས་པ་རྣམས་ཚིག་མཁྲེགས་པོ་བེད་སྤྱད་པ་ལས་ཀློག་མཁན་རྣམས་ཀྱིས་གོ་བརྡ་གང་འདྲ་འཕྲོད་མིན་ཐོག་བསམ་བློ་གཏོང་གི་མེད་པས། སྐད་ཡིག་དང་ཀློག་པ་པོའི་བར་གྱི་སེམས་ཐག་རིང་པོ་ཆགས་པའི་ཁོར་ཡུག་བསྐྲུན་མཁན་བོད་ཀྱི་སྐད་ཡིག་ཐོག་ལ་ལས་ཀ་བྱེད་མཁན་རྣམས་ཆགས་ཀྱི་ཡོད་སྐོར་བརྗོད་ནས། བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་ཚིག་རྣམས་གཞན་ལས་མི་འདྲ་བ་དང་ཁྱད་ཆོས་ལྡན་པ་ཡོད་པས། བོད་ཀྱི་སྐད་ཡིག་དང་དེ་ཀློག་རྒྱུར་སྤྲོ་བ་ཡོང་ཐབས་ཀྱི་འགན་དེའི་སྟོངས་ཆ་ལྷག་བསྡད་པའི་སེམས་ཚོར་ཡོད་པ། སྤྱི་ཚོགས་ནང་སྐད་ཡིག་ལ་དོ་སྣང་ཆེན་པོ་བྱེད་པའི་དུས་ཤིག་སླེབས་ཡོད་པས་གོ་སྐབས་དམ་འཛིན་བྱེད་རྒྱུ་གལ་ཆེན་དང་། སྐད་ཡིག་ལ་ཤ་ཚ་ཡོད་མཁན་དག་གིས་ཨུ་ཚུགས་ཀྱིས་བོད་སྐད་རྒྱག་ཐབས་དང་འབྲི་ཐབས་བྱེད་སྐབས། ནོར་འཁྲུལ་བྱུང་བར་གཞི་རྩ་བཞག་ནས་ཚད་ལས་བརྒལ་བའི་སྐྱོན་བརྗོད་དང་དབྱེ་འབྱེད་བྱེད་མཁན་བྱུང་གི་ཡོད་པ་དེ་རིགས་ཀྱིས་ཕན་ཐོགས་ཀྱི་མེད་པས། སློབ་གསོ་རྒྱག་སྟངས་འགྱུར་བ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༤༢༦ ཀློག་གྲངས།