རྒྱ་གར་གྱི་མི་སེར་ལེན་རྒྱུར་སྐྱབས་བཅོལ་བོད་མི་དང་བོད་ཀྱི་ཡུལ་མི་དབྱེ་བ་བཀར་དགོས་ཀྱི་ཡོད་འདུག

རྒྱ་གར་ནང་དུ་སྐྱབས་བཅོལ་བོད་མི་༡༩༨༧ སྔོན་ལ་སྐྱེས་མཁན་ཚོ་རྒྱ་གར་གྱི་མི་སེར་བྱས་ཆོག་གི་ཡོད་པ་དང་། གལ་སྲིད་མི་སེར་བྱས་ནས་རྒྱ་གར་གཞུང་གིས་སྐྱབས་བཅོལ་བོད་མི་སྤྲད་པའི་ས་ཆའི་ཐོབ་དང་། མཐུན་རྐྱེན་ཁག་ལེན་ཆོག་གི་མ་རེད།

དེ་ཡང་ཟླ་འདིའི་ཚེས་༢༣ ཉིན་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག སྐྱབས་བཅོལ་བོད་མི་ཚོ་རྒྱ་གར་གྱི་མི་སེར་བྱེད་ཕྱོགས་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། “དབྱེ་བ་བྱེད་དགོས་ས་གཙོ་བོ་དེ་བོད་ཀྱི་ཡུལ་མི་དང་། སྐྱབས་བཅོལ་བོད་མི་རེད། རྒྱ་གར་དང་ཨ་རི། ཡུ་རོབ་སོགས་གང་གི་མི་སེར་བྱས་ནའང་བོད་ཀྱི་ཡུལ་མི་རང་སོར་གནས་ཀྱི་ཡོད་པ་རེད། བོད་ཀྱི་ཡུལ་མི་ཡིན་དུས་དཔྱ་ཁྲལ་ལག་དེབ་ཡོད་རེད་ལ། འོས་འཕེན་པ་དང་གྲོས་ཚོགས་འཐུས་མི། བཀའ་བློན་སྲིད་སྐྱོང་ལ་བཞེངས་ཆོག་རེད། བཅའ་ཁྲིམས་ནང་ལུང་པ་གཞན་གྱི་མི་སེར་ཞུས་ཆོག་པ་བཀོད་ཡོད་རེད། ཐུག་ས་དེ་སྐྱབས་བཅོལ་བོད་མི་དང་། ཡུལ་ཁྲིམས་ལ་ཐུག་ཡོད་རེད། ཡུལ་ཁྲིམས་ཁུར་དགོས་པ་བཅའ་ཁྲིམས་ནང་གསལ་ཡོད་རེད། རྒྱ་གར་གཞུང་གིས་བཀོད་ཁྱབ་ག་རེ་བཏང་ན་ཁུར་དགོས་རེད། བཅའ་ཁྲིམས་ནང་གསལ་པོ་རེད་ལ། རྒྱ་གར་དུ་བསྡད་ཡོད་དུས་རྒྱ་གར་གྱི་བཀོད་ཁྱབ་ཁུར་དགོས་རེད། བོད་མིའི་གཞིས་ཆགས་ཀྱི་ས་ཆ་ཁག་རྒྱ་གར་གྱིས་གནང་བའི་ས་ཆ་རེད། བདག་དབང་ཆ་ཚང་རྒྱ་གར་ལ་ཡོད་པ་ལས། བོད་མིའི་སྒྲིག་འཛུགས་ལ་ཡོད་པ་མ་རེད། རྒྱ་གར་གཞུང་ལ་ཐོག་མ་ནས་དམིགས་ཡུལ་ཡོད་རེད་ལ། ང་ཚོ་བོད་མིའི་སྒྲིག་འཛུགས་ནས་བོད་ནས་སྐྱབས་བཅོལ་སླེབས་པའི་བོད་མིའི་ཆེད་དུ་ས་ཆ་དགོས་ཀྱི་འདུག་ཅེས་ཞུས་ཡོད་རེད། དེ་ལ་བརྟེན་ནས་རྒྱ་གར་གྱི་མི་སེར་བྱས་ན་ད་ཐེངས་རྒྱ་གར་གྱི་བཀོད་ཁྱབ་ནང་ས་ཆ་དང་འབྲེལ་ནས་སྐྱབས་བཅོལ་བའི་ཐོབ་ཐང་ལེན་ཆོག་གི་མེད་ཟེར་དུས། རྒྱ་གར་གཞུང་གི་བཀོད་ཁྱབ་གཞིར་བཟུང་བོད་མི་སྐྱབས་བཅོལ་བར་གནང་བའི་ཐོབ་ཐང་མེད་པ་ཆགས་ཀྱི་ཡོད་རེད། བོད་མིས་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོས་ན་གང་ལ་འགྲོ་དགོས་རེད་ཟེར་ན། དང་པོ་ནས་སོ་སོས་དགོངས་པ་བཞེས་དགོས་རེད་”ཅེས་དང་། སྔོན་མ་བོད་མི་རྒྱ་གར་མི་སེར་ལེན་མཁན་ཉུང་ཉུང་ཡིན་པ་དང་། ད་ལྟ་མང་དུ་སོང་དུས་དབྱེ་བ་འབྱེད་ཡོང་གི་ཡོད་སྐོར་དང་། དེ་ཁྱབ་ཆེན་པོ་ཆགས་ཡོང་དུས་ཁྲིམས་སྒྲིག་མང་པོ་ལག་བསྟར་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༧༦ ཀློག་གྲངས།