འཇར་མན་གྱི་སྲིད་བློན་ལ་ལྕམ་མེར་ཁེལ་བསྐྱར་དུ་འདེམས་ཐོན་བྱུང་འདུག

ཡུ་རོབ་འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་། ལྕམ་མེར་ཁེལ་གྱི་ཆབ་སྲིད་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་མང་ཤོས་ཐོབ་སྟེ། ཁོང་བསྐྱར་དུ་སྲིད་བློན་ལ་འདེམས་ཐོན་བྱུང་ཡོད་འདུག་ཀྱང་། དམག་ཆེན་གཉིས་པའི་རྗེས་ཐེངས་དང་པོར་རྒྱལ་ཞེན་མཁྲེགས་འཛིན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་པ་བྱུང་འདུག

ཟླ་༩ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༢༤ ཉིན་འཇར་མན་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་པ་དང་། ད་ལྟའི་ཆར་གཞུང་འབྲེལ་གྱི་མཐའ་མའི་གྲུབ་འབྲས་ཐོན་རྒྱུ་ཡིན་འདུག དེ་སྔོན་འཇར་མན་གྱི་སྲིད་བློན་སྐབས་༣ བསྟུད་མར་བྱས་ཟིན་པའི་ལྕམ་ཨེན་ཇེ་ལ་མེར་ཁེལ་གྱི་སྲིད་དོན་ཚོགས་པ་(CDU/CSU)ལ། གྲོས་ཚོགས་ནང་རྐུབ་སྟེགས་༢༤༦ ཐོབ་ནས་རྐུབ་སྟེགས་མང་ཤོས་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག་པས། ཁོང་སྲིད་བློན་དུ་སླར་ཡང་སྐབས་༤ པའི་ལས་ཁུར་བྱ་རྒྱུ་ཡིན་འདུག་ཀྱང་། ཕྱི་ལོ་༢༠༡༣ ལོའི་འོས་བསྡུ་དང་བསྡུར་ན་ཁོང་གི་སྲིད་དོན་ཚོགས་པར་རྐུབ་སྟེགས་༦༥ ཉུང་དུ་ཕྱིན་ཡོད་འདུག

དེ་བཞིན་སྐབས་སྔོན་མ་འཇར་མན་གཞུང་འཛིན་ཆེད་ཁོང་གི་སྲིད་དོན་ཚོགས་པ་དང་ཟླ་སྒྲིལ་བྱེད་མཁན་སྤྱི་དམངས་མང་གཙོ་ཚོགས་པར་རྐུབ་སྟེགས་༡༥༣ ཐོབ་སྟེ་མང་ཤོས་ཨང་གཉིས་པ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་འདུག་ཀྱང་། ཐེངས་འདིར་ལྕམ་མེར་ཁེལ་གྱི་སྲིད་དོན་ཚོགས་པ་དང་གཞུང་

འཛིན་ཆེད་ཟླ་སྒྲིལ་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱས་འདུག ལྕམ་མེར་ཁེལ་གྱི་སྲིད་དོན་ཚོགས་པས་གཞུང་འཛིན་པར་གྲོས་ཚོགས་ནང་ཉུང་མཐར་རྐུབ་སྟེགས་བརྒྱ་ཆ་༥༠ དགོས་ཀྱི་ཡོད་པས། ད་ལྟའི་ཆར་སྲིད་དོན་ཚོགས་པ་གཞན་དང་ཟླ་སྒྲིལ་བྱེད་པའི་བརྒྱུད་རིམ་ལ་ལས་དོན་བྱེད་དགོས་པ་ཡིན་འདུག

འཇར་མན་ནང་དམག་ཆེན་གཉིས་པའི་རྗེས་ནས་བཟུང་ད་བར་གྲོས་ཚོགས་ནང་། རྒྱལ་ཞེན་མཁྲེགས་འཛིན་གྱི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་མྱོང་མེད་ཀྱང་། ཐེངས་འདིར་སྐྱབས་བཅོལ་བ་དང་ལྷག་པར་དུ་ཁ་ཆེ་ཆོས་ལུགས་ཀྱི་མི་རིགས། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ལ་མི་དགའ་བའི་སྲིད་ཇུས་འཛིན་མཁན། འཇར་མན་གྱི་འདེམས་ཀ་གཞན་(Alternative for Germany) ཞེས་པའི་སྲིད་དོན་ཚོགས་པར། གྲོས་ཚོགས་ནང་རྐུབ་སྟེགས་༩༤ ཐོབ་ནས་ཨང་གསུམ་པ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་འདུག་པས། གྲུབ་དོན་དེ་དང་འབྲེལ་ནས་འཇར་མན་གྱི་གྲོང་ཁྱེར་ཁག་ཅིག་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

ལྕམ་མེར་ཁེལ་གྱིས་རྒྱབ་སྐྱོར་བ་ཚོར་གཏམ་བཤད་སྤེལ་སྐབས། འོས་བསྡུའི་གྲུབ་འབྲས་ཀྱིས་ཁོང་གི་སྲིད་དོན་ཚོགས་པར་གཞུང་འཛིན་བྱེད་པའི་དབང་ཚད་ཐོབ་ཡོད་ཀྱང་། རྒྱལ་ཞེན་མཁྲེགས་འཛིན་གྱི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མི་མང་རྣམས་ཀྱི་སེམས་ཁུར་བྱེད་གནད་རྟོགས་ཆེད། ཚོགས་པ་དེའི་གྲུབ་འབྲས་ལ་རྟོག་ཞིབ་མཐིལ་ཕྱིན་བྱེད་དགོས་པ་ཆགས་ཡོད་སྐོར་བརྗོད་འདུག

ཡུ་རོབ་ནང་དུ་སྐྱབས་བཅོལ་བ་ས་ཡ་མང་པོ་སླེབས་པའི་དཀའ་ངལ་དང་བསྟུན་ནས། ལྕམ་མེར་ཁེལ་གྱིས་འཇར་མན་ནང་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་བླངས་ཡོད་པ་རེད། ཁོང་གི་སྲིད་ཇུས་དེར་འཇར་མན་ནང་སྐྱོན་བརྗོད་བྱེད་མཁན་སྲིད་དོན་ཚོགས་པ་ཚོས། མི་མང་ནང་སྐྱབས་བཅོལ་བ་དང་ལྷག་པར་དུ་ཁ་ཆེ་ཆོས་ལུགས་ཀྱི་མི་རིགས། དེ་བཞིན་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་དགོས་པའི་སྲིད་ཇུས་སོགས་ཁྱབ་སྤེལ་བྱས་ནས། ཐེངས་འདིའི་འོས་བསྡུའི་ཁྲོད་ལྕམ་མེར་ཁེལ་གྱི་སྲིད་དོན་ཚོགས་པར། ཕྱི་ལོ་༡༩༤༩ ནས་ད་བར་གྲུབ་འབྲས་དམའ་ཤོས་དེ་ཆགས་ཡོད་པ་རེད་འདུག

རྒྱལ་ཞེན་མཁྲེགས་འཛིན་གྱི་སྲིད་དོན་ཚོགས་པ་འཇར་མན་གྱི་འདེམས་ཀ་གཞན་ཞེས་པ་དེས། ཁོ་ཚོའི་གྲུབ་འབྲས་དེ་འཇར་མན་ནང་ཆབ་སྲིད་ཀྱི་ས་འགུལ་ཞིག་ཡིན་སྐོར་བརྗོད་འདུག ཚོགས་པ་དེ་ཕྱི་ལོ་༢༠༡༣ ལོར་འགོ་བཙུགས་འདུག་པ་དང་། སྐྱབས་བཅོལ་བ་དང་ཡུ་རོབ་མཐུན་ཚོགས་ལ་མི་འདོད་པའི་སྲིད་ཇུས་བཟུང་ནས། ཤར་འཇར་མན་ནང་ཚོགས་པ་དེར་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད་འདུག ཚོགས་པ་དེའི་འགོ་ཁྲིད་ཅིག་གིས། དེ་སྔོན་མོས་ལྕམ་མེར་ཁེལ་གྱིས་འཇར་མན་ནང་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་བླངས་པའི་ཐག་གཅོད་དེའི་ཐད། རྟོག་ཞིབ་བྱེད་ཆེད་ཚོགས་ཚུང་འཛུགས་རྒྱུ་ཁས་ལེན་བྱས་པ་ལྟར་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་བཏང་འཇར་མན་གྱི་གྲོས་ཚོགས་དེའི་ལས་དོན་བྱེད་ཕྱོགས་ནི་རྒྱལ་སྤྱིའི་ནང་གི་གྲོས་ཚོགས་འོག་མ་དང་འདྲ་བོ་ཡོད་ཀྱང་། འཇར་མན་ནང་དེ་ལ་བྷུན་ཌེ་སེ་ཏག་(Bundestag)བརྗོད་ཀྱི་འདུག་པ་དང་། ཟླ་༡༠ པའི་ཚེས་༢༤ ཉིན་གཞུང་འཛིན་གསར་པའི་འོག་གྲོས་ཚོགས་འཚོག་རྒྱུ་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༨ ཀློག་གྲངས།