མི་སེར་དང་སྐྱབས་བཅོལ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༦  ཕྱི་ལོ་ ༢༠༡༧/༩ /༢༧

བཙན་བྱོལ་བོད་མི་རྣམས་ནི་དེང་སྐབས་འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཁྱབ་ནས་བསྡད་ཡོད་པ་དང་། ལྟོས་ས་ལྟོས་འཇོག་གི་ཐོག་ནས་བཤད་ན་གྲངས་ཀ་ཡང་མི་ཉུང་བ་ཙམ་ཞིག་སླེབས་ཡོད། འོན་ཀྱང་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཀྱང་རྒྱ་གར་དུ་ཆགས་ཡོད། བོད་པ་བཙན་བྱོལ་དུ་འབྱོར་ནས་ཀྱང་མི་ལོ་༦༠ ལ་ཉེ་ཞིང་། བོད་མི་ཕལ་མོ་ཆེས་ཡུལ་སྐད་ཤེས་པ་དང་། འཚོ་བའི་གོམས་གཤིས་ཀྱང་མང་པོ་ཞིག་རྒྱ་གར་བ་དང་ཧ་ཅང་ཁྱད་པར་ཆེན་པོ་མེད་པ་ལྟ་བུར་གྱུར་ཡོད། འོན་ཀྱང་ལག་ཁྱེར་གྱི་ཐོག་ནས་བོད་པ་རེ་ཟུང་ཙམ་མ་གཏོགས་རྒྱ་གར་དུ་ཡོད་མཁན་མང་པོ་ཞིག་ད་དུང་ཡང་སྐྱབས་བཅོལ་བའི་ངོ་བོའི་ཐོག་ཏུ་གནས་ཡོད་པ་ལས། ཡུལ་མིའི་ལག་ཁྱེར་དང་ཐོབ་ཐང་ལེན་མཁན་ནི་ཧ་ཅང་དཀོན་པོ་ཡིན། རྒྱ་གར་གྱི་ཁྲིམས་ལུགས་དགོངས་དོན་ལྟར་ན་ཕྱི་ལོ་༡༩༥༠ ནས་༡༩༨༨ བར་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་ན་རང་བཞིན་གྱིས་རྒྱ་གར་གྱི་མི་སེར་དུ་གྱུར་ཡོད་པ་རེད།

འོན་ཀྱང་བཙན་བྱོལ་ནང་སྐྱེས་འཚར་བྱུང་བ་མང་ཆེ་བས་ད་དུང་རྒྱ་གར་མི་སེར་གྱི་ཐོབ་ཐང་ཁག་བླངས་མེད། ཉེ་བའི་ལོ་ཤས་སྔོན་ནས་རྒྱ་གར་དུ་སྐྱེས་འཚར་བྱུང་བའི་ན་གཞོན་ཁག་ཅིག་གིས་རྒྱ་གར་གྱི་མི་སེར་ལག་ཁྱེར་ཁྲིམས་གཏུག་བྱས་ནས་བླངས་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་གར་དུ་བོད་མི་སྐྱབས་བཅོལ་བ་རྣམས་ལ་མི་སེར་བཟོ་རྒྱུའི་ཐོབ་ཐང་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་མང་པོ་བྱུང་ཡོད་པ་རེད། ལྷག་པར་དུ་ལོ་ཤས་སྔོན་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་སྐབས་རྒྱ་གར་གྱི་དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་༡༩༥༠ ནས་༡༩༨༨ བར་རྒྱ་གར་དུ་སྐྱེས་པ་རྣམས་ལ་འོས་པའི་ཐོབ་ཐང་ཡོད་པ་དང་། བོད་པ་སྐྱབས་བཅོལ་བའི་སྐོར་ཡང་དེའི་ནང་གསལ་པོ་བཀོད་ཡོད་པར་བརྟེན། བོད་མི་མང་པོ་ཞིག་གིས་འོས་ཤོག་བླུག་ཆོག་པའི་ལག་ཁྱེར་བཟོ་འཆར་བྱས་ཀྱང་། ས་གནས་ཁག་ཅིག་ནས་མང་ཙམ་བཟོས་ཡོད་པ་ལས། ས་གནས་མང་པོ་ཞིག་ནས་འོས་ཤོག་བླུག་ཆོག་པའི་ལག་ཁྱེར་ལེན་མཁན་གང་འཚམ་མང་པོ་བྱུང་ཡོད་ཀྱང་། ལག་ཁྱེར་ལེན་གྱུར་འགལ་རྐྱེན་གང་མང་ཞིག་འཕྲད་ཡོད་པ་རེད།

ཁྲིམས་ཐོག་ཏུ་ག་རེ་ཡོད་མེད་ལ་མ་ལྟོས་པར་རྒྱ་གར་དབུས་གཞུང་གཞུང་གི་ངོས་ནས་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་གིས་མི་སེར་གྱི་ལག་ཁྱེར་ལེན་པ་ལས། མ་བླངས་ན་དགའ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཁྲིམས་སྒྲིག་གི་ཐོག་ནས་བཀག་འགོག་བྱེད་ཐབས་གཏན་ནས་མེད་ཀྱང་། རྒྱ་གར་མི་སེར་གྱི་ལག་ཁྱེར་ལེན་རྒྱུའི་ཐོབ་ཐང་ཡོད་ཚད་ཚང་མས་མི་སེར་ལག་ཁྱེར་ལེན་པ་ལས་མ་བླངས་ན་འཕྲལ་ཕུགས་གང་ཐད་ནས་དགེ་མཚན་ཆེ་བ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་གསལ་པོ་མངོན་འདུག བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔོན་མ་རྒྱ་གར་མི་སེར་གྱི་ལག་ཁྱེར་ལེན་མཁན་དག་ལ་དགག་བྱ་མེད་པའི་ངོས་སྦྱོར་རེ་གནང་གི་ཡོད་པ་དེ། བར་ལམ་ནས་མུ་མཐུད་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་དང་། དེ་ལ་བརྟེན་ནས་ད་ལྟའི་ཆར་ས་གནས་གང་སར་རྒྱ་གར་མི་སེར་གྱི་ལག་ཁྱེར་ལེན་རྒྱུར་འགལ་རྐྱེན་མང་པོ་འཕྲད་བཞིན་ཡོད། འོན་ཀྱང་རྒྱ་གར་གྱི་ཁྲིམས་ལུགས་ནང་ལག་ཁྱེར་ལེན་པར་རྒྱབ་གཉེར་དེ་འདྲ་ཞིག་མེད་ན་བཟོ་རྒྱུ་མིན་པའི་གནས་སྟངས་ཤིག་མེད་གང་ཡང་མེད་པ་རེད།

མ་འོངས་པར་ཐབས་ལམ་ག་རེའི་ཐོག་ནས་བྱེད་དགོས་ཀྱང་། ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཀྱང་རིམ་པས་ཁྲིམས་ཐོག་ནས་སེལ་འགྲོ་ངེས་རེད་དེ། དོན་དུ་བོད་མི་སྐྱབས་བཅོལ་བའི་ནང་དུ་རྒྱ་གར་མི་སེར་གྱི་ལག་ཁྱེར་ལེན་མཁན་རྣམས་ཀྱི་དམིགས་ཡུལ་གཙོ་བོ་གང་དང་ཡིན་མིན་སྐོར་བསམ་ཞིབ་ནན་པོ་ཞིག་བྱས་ན། གཞོན་སྐྱེས་ཁག་ཅིག་གིས་རྒྱ་གར་གྱི་གཞུང་སྒེར་ཁག་ལ་འདྲ་མཉམ་གྱི་ཐོག་ནས་ལས་ཀའི་ཁོར་ཡུག་ཅིག་རག་པའི་ཆེད་དུ་ཡིན་པ་དང་། མང་ཆེ་བས་ཕྱི་བསྐྱོད་ལག་ལག་ཁྱེར་ཞིག་རག་ཐུབ་པ་གཙོ་བོར་དམིགས་ཡོད། ཉེ་ཆར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་བོད་མི་སྐྱབས་བཅོལ་ལག་དེབ་ཞུ་མཁན་རྣམས་ལ་ཆ་རྐྱེན་དོན་ཚན་བཞི་ཅན་ཞིག་བཏོན་ཡོད་པ་དེའི་ཐོག་ནས། བོད་མི་མང་པོ་ཞིག་ད་ལྟའི་ཆར་ཐེ་ཚོམ་གྱི་ངང་དུ་གནས་ཡོད་ཀྱང་། མ་འོངས་པར་མི་ཞིག་གིས་གནད་དོན་དེ་དང་འབྲེལ་བའི་ཐོག་ནས་བསྐྱར་དུ་ཁྲིམས་གཏུག་ཅིག་བྱས་ན་ཁྲིམས་ཁང་ནས་སླར་ཡང་ཐག་གཅོད་ཅིག་བྱེད་ངེས་པ་མ་ཟད། དེ་ཡང་ཕལ་ཆེར་བཀག་འགོག་མི་ཆོག་པའི་ཐག་གཅོད་ཅིག་གནང་རྒྱུ་ཡིན་པ་ཚོད་དཔག་བྱེད་ཆོག་པ་ཞིག་རེད།

མདོར་ན་རྒྱ་གར་གཞུང་དང་། བོད་མིའི་སྒྲིག་འཛུགས་གཉིས་ངོས་ནས་དེ་ལ་འདོད་པ་མེད་ན། རྒྱ་གར་ནང་ལས་ཀ་རག་པར་༢༠༡༤ ལོའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱུང་ན་དཀའ་ངལ་ཆེན་པོ་མེད་པ་དང་། གཞན་སྐྱབས་བཅོལ་བོད་མིའི་ཕྱི་བསྐྱོད་ལག་དེབ་ལ་དབྱིན་སྐད་ཐོག་(Ιδεντιτψ Χερτιφιχατε) ཞེས་པ་དེ། (Τραϖελ Δοχυμεντ) རུ་བསྒྱུར་ཐུབ་ན་གནམ་ཐང་ཁག་གི་ལས་བྱེད་རྣམས་ལ་ངོ་འཕྲོད་སླ་བ་དང་། དེ་བཞིན་ཕྱིར་ལོག་ཆོག་པའི་ཐོངས་མཆན་(Ρετυρν ςισα) དང་། ཕྱིར་ཐོན་ཆོག་(Εξιτ Περμιτ) ལག་ཁྱེར་གཉིས་མི་དགོས་པ་ཞིག་བཟོས་ན། རྒྱ་གར་གྱི་མི་སེར་བཟོ་རྒྱུའི་ཐབས་ཤེས་བྱེད་མཁན་ཧ་ཅང་ཉུང་དུ་འགྲོ་ངེས་ཡིན་པ་གསལ་པོ་རེད། གོང་གསལ་ཡིག་ཆ་དེ་གཉིས་ལེན་པར་དྷ་རམ་ས་ལར་དཀའ་ལས་ཅུང་ཆུང་ཡང་ས་གནས་གཞན་དག་དང་། ལྷག་པར་རྒྱ་གར་ལྷོ་ཕྱོགས་ལྟ་བུར་དཀའ་ངལ་ཧ་ཅང་ཆེ་བས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་གཞུང་ལ་འབོད་སྐུལ་ཞུས་ནས་འགྱུར་བ་ཞིག་གཏོང་ཐུབ་པ་བྱས་ན་གནད་དོན་དེ་ཐག་གཅོད་ཡོང་བར་ཕན་ཐོགས་ཡོད་ངེས་རེད།།

Share this:
༡༠༤ ཀློག་གྲངས།