ཐའེ་ཝན་གྱི་ཆོས་ཞུ་བར་དབུ་མ་འཇུག་པའི་གསུང་ཆོས་དབུ་འཛུགས་མཛད་སོང་།

ང་རང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་ཟེར་གྱི་ཡོད་རེད་དེ་འགྲོ་སྟངས་འདྲ་པོ་གང་མ་ཤེས་པ་བྱས་ནས། ཆོས་བྱེད་སྟངས་དེ་རྨོངས་དད་འདྲ་པོ་ཆགས་གྲབས་བྱེད་ཀྱི་འདུག་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོས་པའི་སེར་སྐྱ་མི་མང་ལ་ཉིན་བཞིའི་རིང་གི་གསུང་ཆོས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་དབུ་འཛུགས་གནང་སོང་། ད་ཐེངས་ཀྱི་གསུང་ཆོས་འདིའི་ནང་ཐའེ་ཝན་གྱི་ཆོས་ཞུ་བ་༡༡༠༠ དང་། རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་༦༩ ནས་བཅར་བའི་ཆོས་ཞུ་བ་དང་བོད་མི་མང་ཚོགས་བཅས་ཁྱོན་མི་གྲངས་༦༠༠༠ ལྷག་འཛོམས་འདུག ཐོག་མར་གསུང་ཆོས་དངོས་སུ་དབུ་འཛུགས་མ་གནང་གོང་། འཆར་ཅན་ལྟར་༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་སུ་ནང་ཆོས་ངོ་སྤྲོད་གནང་སྐབས་“ངོས་ཀྱིས་ནམ་རྒྱུན་ནང་ཆོས་མ་བཤད་གོང་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། ང་རང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་ཟེར་གྱི་ཡོད་རེད་དེ་འགྲོ་སྟངས་འདྲ་པོ་གང་མ་ཤེས་པ་བྱས་ནས། ཆོས་བྱེད་སྟངས་དེ་རྨོངས་དད་འདྲ་པོ་ཆགས་གྲབས་བྱེད་ཀྱི་འདུག ལམ་དང་ལུགས་སྲོལ་གྱི་བཟོ་འདྲ་བྱས་ནས་ཕྱིན་པ་མ་གཏོགས། ཆོས་ལ་བརྟག་དཔྱད་བྱས། རྒྱུ་མཚན་མཐོང་། ཤེས་ནས་དད་པ་ཐོབ་པ་ཟེར་བ་དེ་དེ་ཙམ་མི་འདུག དེ་དགོས་རྒྱུ་གལ་ཆེན་པོ་རེད་འདུག”ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་“ཆོས་ཕྱོགས་ཀྱི་བསྟི་གནས་ཁག་གིས་ནུས་པ་ཞེ་དྲག་མ་ཐོན་ནས་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་པའི་ཁ་ཐུག་ལ་ཆོས་ཕྱོགས་དང་ཐད་ཀར་འབྲེལ་བ་མེད་པའི་བཟོ་འདྲ་ཆགས། དེ་འདྲ་ཞིག་གི་སྒང་ནས་འཛམ་བུ་གླིང་འདི་ག་འདྲ་འདྲ་པོ་ཞིག་ཆགས་པ་རེད་ཟེར་ན། དངོས་པོ་ཡར་རྒྱས་རྐྱང་རྐྱང་གི་ཐོག་ནས་འགྲོ་བསྡད་པ་ཞིག གཙོ་ཆེ་ཤོས་ཤེས་ཡོན་གྱི་འགྲོ་སྟངས་དེ་དངོས་པོ་ཡར་རྒྱས་ཁོ་ན་ལ་དམིགས་པ་ཞིག་ཆགས་ནས་དེ་འདྲ་ཞིག་གི་སྒང་ལ་ཕྱིན་འདུག དེ་ཕྱིན་པའི་འབྲས་བུར་ང་ཚོའི་སྤྱི་ཚོགས་ཁོ་རང་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་བསམ་བློ་གཏོང་བསྡད་པ་ལྟ་བུ། དེ་དང་འབྲེལ་བའི་ཤེས་ཡོན་དང་གོམས་གཤིས་ཀྱང་དངོས་པོ་རྐྱང་རྐྱང་དང་འབྲེལ་བ་ཞིག་ཆགས་འདུག དངོས་པོ་ཡར་རྒྱས་རྐྱང་རྐྱང་ཕྱིན་པའི་སྤྱི་ཚོགས་དེའི་ནང་ལ། ཕྱི་དངོས་པོ་ཡར་རྒྱས་ཕྱིན་ན་དེ་གཅིག་པུས་བདེ་སྐྱིད་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དེ་རེད་ཀྱང་རེད། སྔོན་ལ་ལུས་ཚོར་གྱི་བདེ་སྐྱིད་ཡོང་བ་དང་། ལུས་ཚོར་གྱི་སྡུག་བསྔལ་མ་ཡོང་བ་བྱེད་པ་དེ་འོས་པ་ཞིག་རེད། ལུས་ཀྱི་བདེ་སྡུག་གི་ཚོར་བ་དེ་དུད་འགྲོ་ཡིན་ན་ཡང་ལམ་སང་ཤེས་ཀྱི་རེད།སེམས་ཀྱི་རྣམ་རྟོག་འདྲ་མི་འདྲ་དེ་དུད་འགྲོ་ལ་དེ་ཙམ་ཡོང་རྒྱུ་ཡོད་མ་རེད། དེར་བརྟེན་ང་རང་ཚོ་དངོས་པོ་ཡར་རྒྱས་རྐྱང་རྐྱང་གི་ཐོག་ནས་བདེ་སྐྱིད་ཡོང་གི་རེད་བསམ་པ་ཞིག་དང་། དངོས་པོ་ཡར་རྒྱས་ཕྱིན་པ་ཡིན་ན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཞིག་ཡོང་གི་རེད་སྙམ་པའི་བསམ་བློ་ཞིག་འཁོར་བསྡད་པ་རེད། སྒོ་ལྔའི་ཤེས་པ་རྐྱང་རྐྱང་དང་འབྲེལ་བ་ཡོད་པའི་བདེ་སྐྱིད། དཔེར་ན། མིག་གི་ཤེས་པས་གཟུགས་ཡིད་དུ་འོང་བ་མཐོང་ན་སེམས་ལ་དགའ་སྣང་ཡོང་བ། རོལ་མོ་ལྟ་བུའི་སྒྲ་སྙན་པ་ཞིག་ཐོས་ན་སེམས་ལ་དགའ་སྣང་ཡོང་བ། དེ་བཞིན་དྲི་རོ་རེག་བྱ། རེག་བྱ་ལ་ཡང་འཁྲིག་པའི་འདོད་ཆགས་ཀྱི་རེག་བྱ་དང་བཅས་པ་དེ་དག་ཚང་མ་སྒོ་ལྔའི་ཤེས་པ་རྐྱང་རྐྱང་དང་འབྲེལ་བ་འདུག སེམས་ཁམས་རིག་པ་དང་འབྲེལ་ནས་བསམ་བློ་གཏོང་བ་ཡིན་ན་རེད། ཡང་ན་ང་རང་ཚོའི་དངོས་ཡོད་ཉམས་མྱོང་གི་ཐོག་ནས་བསམ་བློ་ཞིག་གཏོང་བ་ཡིན་ན། སེམས་མ་སྐྱིད་པ་གང་འཚམ་ཡོད་ཚེ་མིག་གིས་གཟུགས་ཡིད་དུ་འོང་བ་ལྟད་མོ་ཆེན་པོ་འདྲ་པོ་ཞིག་ལ་བལྟས་ན་སེམས་དེ་ཙམ་སྐྱིད་པོ་ཡོང་རྒྱུ་མི་འདུག རོལ་མོ་འདྲ་པོ་སྙན་པོ་ཞིག་ཐོས་ན་ཡང་སེམས་བག་ཕེབས་པོ་དང་ཡིད་ཀྱི་བདེ་བ་ཡོང་རྒྱུ་དེ་ཙམ་མི་འདུག་ཨ།”ཞེས་སོགས་སེམས་ཁམས་ཀྱི་སྐོར་དང་། རིས་སུ་མ་ཆད་པའི་འཛམ་གླིང་ཆོས་ལུགས་དང་གྲུབ་མཐའ་ཆེ་ཁག་ཚང་མ་བདེ་བ་སྒྲུབ་ཆེད་ཡིན་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༡༨ ཀློག་གྲངས།