ནང་ཆོས་ཇི་ཙམ་དར་བ་དེའི་ཚོད་ཀྱིས་ཐང་བྲིས་སྒྱུ་རྩལ་དར་རྒྱུ་རེད་ཟེར།

སྲོལ་རྒྱུན་ཐང་བྲིས་ཀྱི་སྤུས་ཚད་ཐད་དོ་སྣང་ཏོག་ཙམ་ཆུང་དུ་ཕྱིན་པ་ལས་དེང་དུས་ཀྱི་རི་མོ་དར་སྲོལ་ཆེ་བའི་རྐྱེན་གྱིས་སྲོལ་རྒྱུན་གྱི་རི་མོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་པ་དང་། ནང་ཆོས་ཇི་ཙམ་དར་བ་དེའི་ཚོད་ཀྱིས་ཐང་བྲིས་སྒྱུ་རྩལ་དར་རྒྱུ་ཡིན་པ་བཅས་ལྷ་བྲིས་པ་མིག་དམར་ཚེ་རིང་གིས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ པའི་ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ལྷ་བྲིས་པ་མིག་དམར་ཚེ་རིང་གི་གོ་སྒྲིག་འོག ཁོང་ཉིད་ཀྱི་བརྩམས་ཆོས་ཐང་བྲིས་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ནས་དབུ་འབྱེད་གནང་སོང་།

ལྷ་བྲིས་པ་མིག་དམར་ཚེ་རིང་གི་ད་ཐེངས་ཀྱི་ཐང་བྲིས་སྒྱུ་རྩལ་གྱི་འགྲེམས་སྟོན་འདི་ནི། དེ་རིང་ཕྱི་ཚེས་༡༦ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་༢༠ བར་བྱ་རྒྱུ་ཡིན་ཞིང་། ཁོང་གིས་ཐང་ཀ་འགྲེམས་སྟོན་བྱེད་དགོས་དོན་གྱི་སྐོར་ལ་བརྗོད་དོན་དུ། “ཐང་ཀ་འགྲེམས་སྟོན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱིར་བོད་ལ་སྲོལ་རྒྱུན་གྱི་ཐང་ཀའི་སྒྱུ་རྩལ་ཧ་ཅང་ཡག་པོ་ཞིག་ཡོད་ཀྱང་།  ད་ལྟའི་དུས་སུ་ཐང་ཀ་སྤུས་དག་པོ་འབྲི་མཁན་ཤིན་ཏུ་ཉུང་ཉུང་ཡིན་ཁར། མང་ཚོགས་ཀྱི་ཁྲོད་ནས་ཀྱང་ཐང་ཀ་ཡག་ཉེས་དབྱེ་བ་ཕྱེ་ཐུབ་མཁན་དང་ལྟ་ཤེས་མཁན་གྱི་བརྒྱ་ཆ་ཧ་ཅང་དམན་པོ་ཡིན་སྟབས། དེ་དག་ལ་ཕན་ཐོགས་ཞིག་བྱུང་སྟེ་ཐང་ཀའི་སྒྱུ་རྩལ་གྱི་གོ་རྟོགས་མཐོ་རུ་འགྲོ་ཐུབ་ན་བསམ་ནས་འགྲེམས་སྟོན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་། དེ་བཞིན་ཁོང་གིས་བོད་ཀྱི་སྲོལ་རྒྱུན་ཐང་ཀ་འབྲི་སྟངས་ཀྱི་སྐོར་ལ་འཕོ་འགྱུར་འགྲོ་བ་གཟིགས་ཀྱི་ཡོད་མེད་སྐོར་གསུང་དོན་དུ། “ང་རང་ལ་མཚོན་ན་སྲོལ་རྒྱུན་རང་གི་འབྲི་སྟངས་ཐོག་དགའ་ཞེན་ཆེ་བ་ཡོད་རྐྱེན་དེའི་ཐོག་འབད་བརྩོན་བྱས་ནས་འགྱུར་བ་གཏོང་རྒྱུར་བརྩོན་པ་དེ་ཙམ་བྱེད་ཀྱི་མེད་ཀྱང་། དེང་རབས་ཀྱི་ལེགས་ཆ་ཏོག་ཙམ་རེ་ལེན་གྱི་ཡོད། དཔེར་ན། ཐང་ཀ་འབྲི་བཞེངས་དེ་སྒྱུ་རྩལ་ཁོ་ན་མིན་པར་ཆོས་དང་འབྲེལ་བ་ཡོད་སྟབས། ལྷའི་ཞལ་རས་སྙིང་རྗེ་པོ་བཟོ་ཐབས་བྱེད་ཀྱི་ཡོད། ཐང་ཀ་མཇལ་མཁན་ཚོས་ལྷའི་ཞལ་རས་སྙིང་རྗེ་པོ་འདུག་བསམ་སྟེ་སྤྲོ་སང་སང་ངང་ནས་མཇལ་རྒྱུ་བྱུང་ན། མཇལ་མཁན་དང་འབྲི་མཁན་གཉིས་ཀས་ཚོགས་བསགས་ཀྱི་ཡོད་རེད། གཞན་ཡུལ་ལྗོངས་འབྲི་སྟངས་ཐོག་སྨན་རྙིང་གི་ལུགས་ལྟར་ན་རི་བོ་སོགས་མཐོན་པོ་འབྲི་ཡི་ཡོད་སྟབས། ཐང་ཀ་མཇལ་དུས་སུ་མཇལ་མཁན་གང་ཟག་རང་ཉིད་རི་མཐོན་པོ་ཞིག་གི་མདུན་དུ་ཡོད་པ་ལྟ་བུའི་ཚོར་བ་སྟེར་གྱི་ཡོད། འོན་ཀྱང་། ངའི་ཐང་ཀ་དམིགས་བསལ་ལྷ་ཞི་བ་ཡིན་པ་དེ་དག་གི་ནང་དུ། ཐང་ཀ་མཇལ་མཁན་གྱི་གང་ཟག་རང་ཉིད་མཐོ་ས་ཞིག་ན་ཡོད་པ་དང་། ཐག་རིང་པོ་ནས་མཇལ་བཞིན་ཡོད་པ་ལྟ་བུའི་ཚོར་བ་ཡོང་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད། ངའི་ཐང་བྲིས་དེ་གཙོ་བོ་སྲོལ་རྒྱུན་ཡིན་པ་གང་ཞིག་ལ་སྨན་རྙིང་ནང་ནས་དུས་རབས་༡༧ དང་༡༨ ཀྱི་རི་མོ་ལ་ཏོག་ཙམ་གཙོ་འཛིན་བྱས་ནས་དེ་དང་ཐག་ཉེ་བ་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། སྔོན་མའི་འབྲི་སྟངས་དེ་ཧ་ཅང་སྤུས་དག་དང་ཞིབ་ཚགས་པོ་ཡོད་སྟབས་དེ་འདྲ་རང་ཡོང་རྒྱུ་ཁག་པོ་རེད་འདུག”ཅེས་དང་། དེ་བཞིན་ཁོང་གིས་༧གོང་ས་སྐུ་ཕྲེང་༡༤ པ་སྐུ་སྒེར་གྱི་ལྷ་བྲིས་ཆེ་མོ་སངས་རྒྱས་ཡེ་ཤེས་ཀྱིས་ཁྱོན་ལྷ་བྲིས་སློབ་མ་༨༠ ཡས་མས་གསོ་སྐྱོང་གནང་ཡོད་པ་དང་། དེ་དག་ལས་འགའ་ཞིག་ཧ་ཅང་ཡག་པོ་ཡོད་ཀྱང་སོ་སོའི་འཚོ་བ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་ཕྱི་རྒྱལ་དུ་བསྐྱོད་ནས་ལྷ་བྲིས་ཀྱི་ལས་ཀ་གཉེར་ཐུབ་མེད་པ་དང་། ད་ལྟ་ཁོང་དང་བསྟན་འཛིན་དངོས་གྲུབ་གཉིས་དང་། གཞན་རེ་ཟུང་ཞིག་ལས་མུ་མཐུད་ལྷ་བྲིས་ཐོག་ཕྱག་ལས་བྱེད་མཁན་མ་བྱུང་བ། སྲོལ་རྒྱུན་ཐང་བྲིས་ཀྱི་སྤུས་ཚད་ཐད་དོ་སྣང་ཏོག་ཙམ་ཆུང་དུ་ཕྱིན་པ་ལས་དེང་དུས་ཀྱི་རི་མོ་དར་སྲོལ་ཆེ་བའི་རྐྱེན་གྱིས་སྲོལ་རྒྱུན་གྱི་རི་མོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་མི་སྲིད་པ་དང་། དེའི་རྒྱུ་མཚན་ནི་ནང་ཆོས་ཇི་ཙམ་དར་བ་དེའི་ཚོད་ཀྱིས་ཐང་བྲིས་སྒྱུ་རྩལ་དར་རྒྱུ་ཡིན་པ། ད་ལྟ་དྷ་ས་གངས་སྐྱིད་ཀྱི་ཉེ་འཁྲིས་གྷམ་རུ་གྲོང་གསེབ་ནང་རི་མོའི་སློབ་གྲྭ་ནང་སློབ་མ་༡༤ ཡས་མས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐང་བྲིས་སྒྱུ་རྩལ་སློབ་བཞིན་ཡོད་པ་དང་། ད་བར་ཁྱོན་འགྲེམས་སྟོན་ཐེངས་༥ ཙམ་བྱས་ཟིན་པ། འགྲེམས་སྟོན་ནང་གི་ཐ་ཀ་རྣམས་ནི་ཁོང་རང་ཉིད་ཀྱིས་ལོ་ངོ་༢༠ ལྷག་གི་རིང་ལ་བྲིས་པ་རྣམས་གསོག་འཇོག་བྱས་པ་རྣམས་ཡིན་སྐོར་སོགས་བརྗོད་བྱུང་།

ལྷ་བྲིས་པ་མི་དམར་ཚེ་རིང་ནི་བོད་ནས་ཕེབས་པའི་ལྷ་བྲིས་པ་ཞིག་ཡིན་ཞིང་། ཕྱི་ལོ་༡༩༨༠ ལོར་ལྷ་བྲིས་ཆེ་མོ་སྟོབས་རྒྱལ་དགེ་རྒན་དུ་བསྟེན་ནས་ཁོང་དང་ལྷན་དུ་སེ་འབྲས་དགའ་གསུམ་དང་། བསམ་ཡས། ནོར་གླིང་། པོ་ཏ་ལ། བཀྲས་ལྷུན་བཅས་སུ་ལྡེབས་རིས་ཞིག་རལ་དུ་གྱུར་པ་རྣམས་ཉམས་གསོ་གནང་ཡོད་པ་དང་། རྒྱ་གར་ནང་ཕེབས་རྗེས་མུ་མཐུད་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་དང་། གཞུང་ལུགས་ལ་གོ་རྟོགས་དང་མྱོང་འདྲིས་ཇེ་ཟབ་གཏོང་སླད་༧གོང་ས་མཆོག་གི་ལྷ་བྲིས་ཆེ་མོ་རྒན་སངས་རྒྱས་ཡེ་ཤེས་ཀྱི་དྲུང་ནས་སློབ་གཉེར་གནང་ཡོད་པ་མ་ཟད། དགེ་རྒན་ཁོང་དང་མཉམ་དུ་༧རྒྱལ་བའི་གཟིམས་ཆུང་གི་ཞལ་ཐང་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཆེན་སོགས་འབྲི་བཞེངས་གནང་ཡོད་པ་དང་། ཕྱི་ལོ་༢༠༠༤ ནས་བཟུང་དྷ་སའི་གྲོང་གསེབ་གྷམ་རུ་ལ་བོད་ཀྱི་ཐང་བྲིས་སྒྱུ་རྩལ་སློབ་གཉེར་ལྟེ་གནས་ཁང་གི་འགན་འཛིན་དང་སློབ་དགེ་གཙོ་བོ་རུ་གནང་ཐོག ༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་སྲོལ་རྒྱུན་རི་མོའི་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༨༩ ཀློག་གྲངས།