ཞི་ཅི་ཕིང་ལ་ངོ་རྒོལ་ལས་འགུལ།

ཟླ་འདིའི་ཚེས་༡༧ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྷ་ས་མེག་གྷན་ཁྲོམ་དཀྱིལ་དུ་པར་རིས་དང་གཏམ་བརྗོད་ཀྱི་ལམ་ནས་ཞི་ཅི་ཕིང་གིས་སྲིད་སྐྱོང་བའི་དུས་ཡུན་ནང་། བོད་ནང་དྲག་གནོན་དང་བཙན་གནོན་ཤུགས་ཆེ་རུ་སོང་ཡོད་སྐོར་དང་འབྲེལ་བའི་ཐོག་ནས་ངོ་རྒོལ་ལས་འགུལ་ཞིག་དང་ཡིག་ཆ་འགྲེམས་སྤེལ་བྱས་སོང་།
སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་གྱིས་ད་ཐེངས་ཀྱི་ཚོགས་འདུའི་ནང་ཞི་ཅི་ཕིང་གིས་སླར་ཡང་ལོ་ལྔ་རིང་རྒྱ་ནག་གི་སྲིད་འཛིན་ཆགས་ཐབས་དང་། མ་འོངས་པར་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གྱི་དུས་ཡུན་ལོ་བཅུ་ཡི་ཚད་བཀག་དེ་གཏོར་ནས། མུ་མཐུད་སྲིད་འཛིན་བྱ་རྒྱུའི་ཇུས་གཏིང་གི་ཡོད་པ་མི་མང་པོས་བཤད་ཀྱི་ཡོད་སྐོར། ཐོག་མར་ཞི་ཅིང་ཕིང་སྲིད་འཛིན་དུ་སླེབས་སྐབས་གུ་ཡངས་ཅན་གྱི་སྲིད་འཛིན་ཞིག་ཡིན་པར་ཚོད་དཔག་བྱེད་མཁན་བྱུང་ཡང་དེ་ལྟར་མིན་ཁར། བོད་ནང་དང་ཤར་ཏུར་ཀི་སི་ཐན་སོགས་སུ་དྲག་གནོན་ཤུགས་ཆེ་རུ་སོང་ཡོད་སྐོར། དེ་བཞིན་ཞི་ཅི་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གི་གཉའ་གནོན་དང་བཙན་གནོན་འོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་། ལིའུ་ཞའོ་པོ་སོགས་མི་མང་པོ་ཞིག་དུས་མིན་རྐྱེན་ལམ་དུ་ཤོར་ཡོད་སྟབས་ཞི་ཅིང་ཕིང་ལ་ངོ་རྒོལ་དུ་ལས་འགུལ་དེ་སྤེལ་བ་ཡིན་སྐོར་བརྗོད་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༩༨ ཀློག་གྲངས།