༧གོང་ས་མཆོག་ཨ་རིའི་མངའ་སྡེ་ཨ་ཡོ་བར་ཆིབས་སྒྱུར།

ཟླ་འདིའི་ཚེས་༡༧ སྔ་དྲོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་སི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌི་སོན་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་དང། ཨ་རིའི་མངའ་སྡེ་ཨ་ཡོ་བའི་གྲོང་ཁྱེར་སི་ཌར་ཕོལ་(Cedar Falls) ནང་རྟེན་གཞི་བྱས་པའི་བྱང་ཕྱོགས་ཨ་ཡོ་བའི་གཙུག་ལག་སློབ་ཁང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་གྱིས་གནམ་ཐང་དུ་ྋཞབས་སོར་འཁོད་མཚམས། བྱང་ཕྱོགས་ཨ་ཡོ་བའི་གཙུག་ལག་སློབ་ཁང་གི་གནད་ཡོད་མི་སྣས་ཕེབས་བསུ་ཞུས་ཡོད་པ་རེད། གནམ་ཐང་ནས་ྋགོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་བྱང་ཕྱོགས་ཨ་ཡོ་བའི་གཙུག་ལག་སློབ་ཁང་ནང་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་བདུན་ཙམ་གྱིས་བཞུགས་གནས་མགྲོན་ཁང་གི་མདུན་ཕེབས་བསུར་བཅར་བ་དང། ཉིན་རྒྱབ་ྋགོང་ས་མཆོག་གིས་ཐོག་མར་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་གནང་ནས་བོད་རྒྱའི་འབྲེལ་བའི་སྐོར་བཀའ་སློབ་བསྩལ་སྐབས། མགོན་པོ་གང་ཉིད་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་སེལ་རྒྱུར་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་དང༌། བོད་ཀྱི་གནད་དོན་སེལ་བར་ཁ་ཞེ་གཉིས་མེད་ཀྱི་ལྷག་བསམ་དགོས་གལ་ཆེ་བའི་སྐོར་དང། བོད་ཀྱི་འདས་པ་དང་མ་འོངས་པའི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་ལ་གསལ་བཤད་མཛད་ཡོད་པ་རེད།

དེ་རྗེས་མགོན་པོ་གང་ཉིད་ཀྱིས་གཙུག་ལག་སློབ་ཁང་གི་གཙོ་འཛིན་སྐུ་ཞབས་བྷེན་ཇ་མིན་ཨེ་ལན་ལགས་མཇལ་འཕྲད་གྲུབ་མཚམས་ལྷན་དུ་གཙུག་ལག་སློབ་ཁང་གི་སྐུ་མགྲོན་སྣེ་ལེན་ཞུ་སའི་ཚོགས་ཁང་དུ་ཕེབས་ཐོན་གྱིས་བཞུགས་གྲལ་དུ་འཁོད་མཚམས་ཐོག་མར་གཙོ་འཛིན་མཆོག་གིས་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གཙུག་ལག་སློབ་ཁང་དེར་གདན་འདྲེན་ཞུ་ཐུབ་པར་སྙིང་ཐག་པ་ནས་སྤོབས་སེམས་ཆེན་པོ་བྱུང་ཚུལ་དང་སྦྲགས་ངོ་སྤྲོད་མདོར་བསྡུས་ཤིག་གནང༌། དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན། ངོས་རང་ཕྱི་ལོ་ ༡༩༧༩ ནས་ཨ་རིའི་ནང་ཐེངས་མང་བསླེབས་ཡོད་ཀྱང་ས་གནས་འདིར་སླེབས་ཐུབ་མེད། དེར་བརྟེན་ཁྱེད་ཚོས་མགྲོན་འབོད་བྱས་པའི་དྲིན་ལས་ངོས་ཀྱིས་མཛེས་སྡུག་ལྡན་པའི་མངའ་སྡེ་འདི་མཐོང་རྒྱུའི་གོ་སྐབས་ཐོབ་བྱུང༌། ངོས་རང་འདིར་ཐེངས་དང་པོ་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་བཀའ་བསྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་རིན་ཐང་དང་འབྲེལ་ནས་བཀའ་བསྩལ་དོན། ངོས་རང་ས་གནས་གང་དུ་ཕྱིན་ཡང་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད་པ་དང༌། མི་ཚང་མ་བདེ་བ་འདོད་པ་གཅིག་མཚུངས་ཀྱང་བདེ་བ་དོན་དུ་གཉེར་རྒྱུའི་ཐབས་ལམ་འདྲ་མིན་བརྟེན་བཞིན་ཡོད། ལ་ལས་ཆོས་ལ་བརྟེན་པ་དང་ལ་ལས་དེ་མིན་གྱི་ཐབས་ལམ་གཞན་ལ་བརྟེན་གྱི་ཡོད། ཆོས་ལ་མཚོན་ན་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་སྲན་སོགས་ཀྱི་བསླབ་བྱ་ལེན་རྒྱུ་ཡོད། ལྟ་གྲུབ་མི་འདྲ་བ་ཡོད་པ་རྣམས་བདེ་བ་དོན་དུ་གཉེར་བྱའི་ཐབས་ལམ་མི་གཅིག་པ་ཙམ་ཡིན།
ང་ཚོས་རང་གི་ཆོས་ལུགས་ལ་ཡིད་ཆེས་ཡོད་པའི་ཐོག་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་དགོས། མཐར་ཐུག་བདེ་བ་ཕྱི་དངོས་པོས་བསྐྲུན་མི་ཐུབ་ཅེས་བཀའ་སློབ་བསྩལ་ཡོད་པ་རེད།

༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྟོད་ཀྱི་དགེ་འདུན་པ་གཉིས་དང་དགེ་འདུན་པ་གཞན་གཅིག་བཅས་ཀྱིས་བཞེངས་པའི་འཇིགས་བྱེད་ཀྱི་རྡུལ་མཚོན་དཀྱིལ་འཁོར་ལ་རབ་གནས་མཛད་པ་དང་སྦྲགས། ཚོགས་ཁང་ནང་ཡོད་པའི་མང་ཚོགས་རྣམས་ལ་དཀྱིལ་སྐོར་གྱི་གོ་དོན་དང་ཕན་ཡོན། རྡུལ་མཚོན་དཀྱིལ་འཁོར་ཐོག་མར་རྒྱ་གར་ལྷོ་ཕྱོགས་ནས་དར་སྲོལ་བྱུང་ཚུལ། དཀྱིལ་འཁོར་གྱི་དགོས་དོན་རང་ཉིད་ཡིད་དམ་ངོ་བོར་རྣམ་པར་གསལ་ཆེད་ཡིན་ཚུལ་སོགས་ཀྱི་འགྲེལ་བཤད་མཛད་པ་མ་ཟད། ནང་ཆོས་ནས་གསུངས་པའི་སྟོང་པ་ཉིད་ཀྱི་གོ་དོན་ཇི་ཡིན་མང་ཚོགས་ལ་བཀའ་སློབ་བསྩལ་གྲུབ་མཚམས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་སློབ་ཁང་གི་འབྲེལ་ཡོད་མི་སྣ་ཚོར་མཛད་རིམ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་མཛད་ནས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།།
བོད་གཞུང་གི་དྲ་གནས་ནས་ཕབ་བཤུ་བྱས།

Share this:
༨༨ ཀློག་གྲངས།