ཊོམ་གྱིས་ཨེ་སི་སིའི་ཕམ་ཁར་ངོ་སོ་བླངས་འདུག

ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིས་བཙན་བཟུང་བྱས་པའི་ས་ཆ་ཁག་ལས། ཁོ་ཚོའི་རྒྱལ་ས་ཡིན་པར་གྲགས་པའི་གྲོང་ཁྱེར་ཨར་རག་ཁྭ་བརྒྱ་ཆ་༩༠ ལྷག་ཤོར་ཟིན་པ་དང་བསྟུན། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱལ་ཁ་དེ་ནི་རང་ཉིད་ཀྱི་འཇོན་པ་ཡིན་ཚུལ་གྱིས་ངོ་སོ་བླངས་འདུག

ཟླ་༡༠ པའི་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༡༧ ཉིན་སི་རི་ཡའི་ནང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་ཚོགས་པས་བཙན་བཟུང་བྱས་པའི་གྲོང་ཁྱེར་ཨར་རག་ཁྭའི་ས་ཁོངས་ཀྱི་བརྒྱ་ཆ་༩༠ ལྷག ཨ་རིའི་རྒྱབ་སྐྱོར་ཡོད་པའི་ཀེར་ཌ་དང་ཨ་རབ་གཉིས་ཀྱི་དམག་དཔུང་གིས་ཚུར་བླངས་ཡོད་འདུག་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བཅར་འདྲི་ཞིག་གི་ལན་དུ། ཨེ་སི་སི་ལ་ཕམ་ཁ་ཆེན་པོ་བྱུང་ནས་སེམས་ཤུགས་ཆགས་བཞིན་ཡོད་པ་དེ་ནི། སྲིད་འཛིན་ཁོང་ལྟ་བུ་ཞིག་ཡར་སླེབས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

སྲིད་འཛིན་ཊོམ་གྱིས་ཁོང་སྲིད་འཛིན་ལ་ཡར་སླེབས་རྗེས་དམག་རྒྱག་སྟངས་དང་དམག་གི་སྒྲིག་འཛུགས་ལ་འགྱུར་བ་ཆེན་པོ་བཏང་བའི་རྐྱེན་གྱིས། ཨེ་སི་སིར་ཕམ་ཁ་ཆེན་པོ་བྱུང་བ་ཡིན་སྐོར་བརྗོད་པ་ལས། ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་བཙན་བཟུང་བྱས་པའི་ས་ཁོངས་རྣམས། དྲག་པོའི་ལམ་ནས་ཚུར་ལེན་རྒྱུའི་ལས་གཞི་དེ་སྐབས་སྔོན་མའི་སྲིད་འཛིན་ཨོ་བྷ་མས་འགོ་འཛུགས་བྱས་ཡོད་སྐོར་དང་། ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་གནམ་ཐོག་དང་ཐབས་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས། དངོས་སུ་ས་ཐོག་ཏུ་ཨེ་སི་སི་དང་དམག་འཐབ་བྱེད་མཁན་ཀེར་ཌ་དང་ཨ་རབ་ཀྱི་དཔུང་དམག་ཡིན་སྐོར་གང་ཡང་བརྗོད་མེད་པ་རེད་འདུག

བརྒྱུད་ལམ་ཁག་ཏུ་དཔྱད་བརྗོད་བྱས་པར་གཞིགས་ན། དེ་ཡང་ལོ་འདིའི་ནང་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཨེ་སི་སིས་བཙན་བཟུང་བྱས་པའི་ཨི་རག་གི་གྲོང་ཁྱེར་མོ་སུལ་ཤོར་ཟིན་ཡོད་པ་དང་། རྗེས་སུ་སི་རི་ཡའི་གྲོང་ཁྱེར་ཨར་རག་ཁྭ་དེ་ཆ་ཚང་བ་ཚུར་བླངས་རྗེས། དེ་སྔོན་ཚོགས་པ་དེས་བཙན་བཟུང་བྱས་པའི་ས་ཆ་ལས་ས་ཁོངས་ཆུང་ཆུང་ཞིག་ལས་ལྷག་མེད་པ་ཡིན་པས་ཕམ་ཁ་བྱུང་བ་ངོས་འཛིན་ཆོག་པ་ཡིན་འདུག་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ཡིན་ཡང་ཨེ་སི་སིའི་དམག་མི་ཡིན་པ་མང་པོ་ཞིག།སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་ནས་དྲག་རྒོལ་བྱེད་སྲིད་པའི་ཉེན་ཁ་ཡོད་འདུག་པ་དང་། འཇིགས་སྐུལ་རིང་ལུགས་པའི་དམག་མི་ལྷག་མ་རྣམས་གསང་བའི་ཐོག་ནས་ཡིབ་ནས་གོ་སྐབས་གསར་པ་བསྒུག་ནས་སྡོད་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག

ཨེ་སི་སིའི་བཙན་བཟུང་ཁྲོད་ནས་ཚུར་བླངས་ཟིན་པའི་གྲོང་ཁྱེར་རྣམས་བསྐྱར་གསོ་བྱེད་པར་ལས་གཞི་དཀའ་ཁག་ཤིན་ཏུ་ཆེན་པོ་ཡིན་འདུག་པ་དང་། ས་གནས་དེ་རིགས་ལ་དེ་སྔོན་གནས་སྡོད་བྱེད་མཁན་ཁག་ཅིག་ཚུར་ལོག་རྩིས་མེད་འདུག དེ་ཡང་ནང་མི་སྤུན་མཆེད་ཚང་མའི་ཚེ་སྲོག་ཤོར་ཟིན་པ་དང་ཁང་པ་ཡང་གཏོར་བཤིག་སོང་ཟིན་པས་རེད་འདུག

དེ་ཡང་ཐོག་མར་ཕྱི་ལོ་༢༠༡༡ ལོར་ཨ་རབ་ལས་འགུལ་ཆེན་མོ་དང་བསྟུན་ནས། སི་རི་ཡའི་མི་མང་གིས་སྲིད་འཛིན་ཨ་སཌེ་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ལ། གཞུང་གི་དམག་མིས་དྲག་གནོན་བྱས་པས་རིམ་བཞིན་གྱེན་ལོག་དམག་མི་ཚོགས་པ་བཙུགས་ནས་གཞུང་ལ་འཐབ་རྒོལ་བྱེད་འགོ་བཙུགས་ཡོད་པ་རེད། རིམ་བཞིན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་གོ་སྐབས་དམ་འཛིན་གྱིས་སི་རི་ཡ་དང་ཨི་རག་གཉིས་ཀྱི་ས་ཁུལ་ཁ་ཤས་ལ་བཙན་བཟུང་བྱས་ནས། དམག་འཁྲུག་ནང་གི་ཕྱོགས་གཏོགས་གསར་པ་ཞིག་ཆགས་ཡོད་པ་རེད།

རྗེས་སུ་དྲག་སྤྱོད་ཚོགས་པ་དེས་ཕྱི་ལོ་༢༠༡༥ དང་༢༠༡༦ ལོར་ཡུ་རོབ་ཧྤ་རན་སི་དང་སྦེལ་རྗེམ། དབྱིན་ཡུལ་སོགས་ལ་དྲག་རྒོལ་བྱས་ཏེ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་འཇིགས་སྣང་ཆེན་པོ་སྐུལ་ཡོད་པས། ཁུལ་དེ་དག་ལ་བདེ་འཇགས་ཀྱི་ཛ་དྲག་གི་ཁྲིམས་བཟོས་པ་མ་ཟད། ཡུ་རོབ་དང་ཨ་རི་སོགས་ཀྱིས་ཚོགས་པ་དེར་འཐབ་རྒོལ་བྱེད་ཆེད་གནམ་ཐོག་ནས་དྲག་རྒོལ་བསྟུད་མར་བྱས་ཡོད་པ་རེད། སི་རི་ཡའི་དམག་འཁྲུག་དང་བསྟུན་ནས་ཡུ་རོབ་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་སྔར་བྱུང་མ་མྱོང་བ་ཕོན་ཆེན་སླེབས་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་དང་། ཡུ་རོབ་ཀྱི་ཆབ་སྲིད་ནང་གནད་དོན་དེ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས། ཨེ་སི་སི་ཁ་ཆེ་འཇིགས་སྐུལ་ཚོགས་པ་དེ་གསར་དུ་ཐོན་པར། ཨ་རིར་འགན་ཆེན་པོ་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༡༨ ཀློག་གྲངས།