རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེ་དང་ཨ་རིས་རྒྱ་གར་དང་མཉམ་ལས་བྱ་རྒྱུ།

ཨ་རིའི་ཕྱི་སྲིད་བློན་ཆེན་རེག་སི་ཊི་ལེར་སོན་གྱིས་ཨེ་ཤི་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིས་རྒྱ་གར་དང་མཉམ་ལས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཕྱི་སྲིད་བློན་ཆེན་རེག་སི་ཊི་ལེར་སོན་གྱིས་རྒྱ་གར་ནི་ཐབས་ཇུས་ཀྱི་ཐོག་ནས་ཨ་རིའི་ཟླ་གྲོགས་ཡིན་པ་དང་། མང་གཙོའི་སྤྱི་ཚོགས་མ་ཡིན་པའི་རྒྱ་ནག་དང་ཨ་རིའི་བར་རྒྱ་གར་དང་འབྲེལ་བ་ཡོད་པ་བཞིན་ནམ་ཡང་ཡོང་གི་མ་རེད་ཅེས་དང་། དེ་བཞིན་ཁོང་གིས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་རིག་པ་བ་དང་ཐབས་ཇུས་ཐད་ཀྱི་སྲིད་ཇུས་ཉམས་ཞིབ་པ་རྣམས་ལ་“ཨ་རིས་རྒྱ་ནག་མཉམ་དུ་དོན་ཕན་ལྡན་པའི་འབྲེལ་བ་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་ཁོ་རང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་བདག་དབང་མགོ་རྟིང་སློག་པ་དང་། ཨ་རི་དང་ཨ་རིའི་གྲོགས་པོ་རྣམས་ལ་འགལ་རྐྱེན་བཟོ་བ་ལྟ་བུའི་འཛམ་གླིང་གི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་སྤེལ་བ་རྣམས་ལ་ཨ་རི་བག་འཁུམ་གྱི་མེད།”ཅེས་བརྗོད་འདུག རྒྱ་གར་དང་ཨ་རིའི་འབྲེལ་ལམ་གོང་མཐོར་འགྲོ་བཞིན་ཡོད་སྐོར་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོ་ཡིན་པ་མཚུངས་པ་ཙམ་མ་ཟད། མ་འོངས་པའི་མདུན་ལམ་ཡང་གཅིག་པ་ཡིན་སྐོར་བརྗོད་ཡོད་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་རེག་སི་ཊི་ལེར་སོན་གྱི་སྐད་ཆ་འདི་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༡༩ པའི་མཛད་སྒོའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་ཆུ་ཚོད་གསུམ་ལྷག་རིང་ལས་བསྡོམས་སྒྲོགས་སྦྱང་བྱས་ནས། པེ་ཅིང་གཞུང་གིས་འཛམ་གླིང་གི་ལས་དོན་ཐོག་སྔར་ལས་ལྷག་པའི་བྱ་གཞག་བསྒྲུབ་རྒྱུའི་བསམ་འདུན་ཡོད་པའི་བརྡ་ལན་བཏང་རྗེས་སུ་བྱུང་བ་ཞིག་ཡིན་འདུག་པ་མ་ཟད། སྐུ་ཞབས་རེག་སི་ཊེ་ལེར་སོན་ཁོ་རང་བདུན་ཕྲག་རྗེས་མའི་ནང་རྒྱ་གར་ལ་འཚམས་གཟིགས་ཕེབས་གྲབས་ཡོད་པའི་སྔོན་དུ་བརྗོད་པ་ཞིག་ཀྱང་ཡིན་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་༡༡ པའི་ནང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ཐེ་བའི་ཨེ་ཤི་ཡའི་ལུང་པ་མང་པོའི་ནང་ཕྱོགས་བསྐྱོད་ཕེབས་རྒྱུ་ཡིན་འདུག

རྒྱ་ནག་གི་ཚོགས་ཆེན་གྱི་མཛད་སྒོའི་ཐོག་ཞི་ཅི་ཕིང་གིས་ད་ལྟ་འཛམ་གླིང་ནང་རྒྱ་ནག་གི་ནུས་པ་ཤུགས་ཆེན་པོ་ཆགས་ཡོད་ཅེས་དང་། དམར་ཤོག་གི་ལམ་ལུགས་ཐོག་ནས་བྱུང་བའི་རྒྱ་ནག་གི་འཕེལ་རྒྱས་ལས། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ལ་གདམ་ཀ་གསར་པ་ཞིག་སྤྲོད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག་ཀྱང་། ཨ་རིའི་ཕྱི་སྲིད་བློན་ཆེན་རེག་སི་ཊི་ལེར་སོན་གྱིས་ལྷོ་རྒྱ་ནག་རྒྱ་མཚོ་རུ་སྤེལ་བའི་རྒྱ་ནག་གི་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་རྣམས་ནི། ཨ་རི་དང་རྒྱ་གར་གྱིས་སྲུང་སྐྱོབ་བྱེད་བཞིན་པའི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཐད་ཀར་འགལ་ཡོད་རེད་ཅེས་བརྗོད་ནས་ཞི་ཅི་ཕིང་གི་གཏམ་བཤད་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།  དེ་བཞིན་ཁོང་གིས་“རྒྱ་གར་དང་ཨ་རིས་ངེས་པར་དུ་རྒྱལ་ཁབ་གཞན་པ་ཚོར་སོ་སོའི་བདག་དབང་སྲུང་སྐྱོབ་བྱེད་པར་མཐུན་སྦྱོར་བྱེད་དགོས་ཀྱི་འདུག ལུང་པ་སོ་སོའི་ཁེ་ཕན་གོང་མཐོར་དང་དཔལ་འབྱོར་ཡར་རྒྱས་ཡོང་ཕྱིར་ལུང་པ་སོ་སོའི་ཁང་བཀོད་བཟོ་རིག་དར་སྤེལ་གཏོང་རྒྱུར་འབོད་སྐུལ་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་”ཅེས་རྒྱ་གར་ལ་ནན་སྐུལ་དང་འབོད་བརྡ་བཏང་ཡོད་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་གཏམ་བཤད་དེ་སྤེལ་ཟིན་རྗེས་སུ་ཨ་རི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ནས། པེ་ཅིང་གིས་རྒྱལ་ཁབ་གཞན་གྱི་ཁེ་ཕན་སྤྱད་དེ་སོ་སོའི་འཕེལ་རྒྱས་ལ་བརྩོན་མེད་པ་དང་། ནམ་ཡང་རྒྱ་བསྐྱེད་གཏོང་ཐབས་བྱས་མེད་སྐོར་བཅས་བསྒྲགས་ཡོད་འདུག་པ་མ་ཟད། རྒྱ་ནག་གིས་འཛམ་གླིང་གི་ཁྲིམས་ལུགས་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བཅས་བསྒྲགས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༧༩ ཀློག་གྲངས།