ཉི་ཧོང་གི་སྲིད་བློན་ལ་ཨ་བྷི་བསྐྱར་དུ་འདེམས་ཐོན་བྱུང་འདུག

སྔ་སྣུར་བཏང་བའི་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་གྲུབ་དོན་དུ། སྐབས་སྔོན་མའི་སྲིད་བློན་ཤིན་ཛོ་ཨ་བྷི་ཡི་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་གཉིས་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས། སྲིད་བློན་ལ་ཨ་བྷི་བསྐྱར་དུ་འདེམས་ཐོན་བྱུང་ནས། ཁོང་གིས་བྱང་ཀོ་རི་ཡར་ཁ་གཏད་གཅོག་བར་ལངས་ཕྱོགས་བརྟན་པོ་བཟུང་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་༡༠ པའི་ཚེས་༢༢ ཉིན་ཉི་ཧོང་ནང་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུ་དེ་ཡང་ཕྱི་ལོ་༢༠༡༨ ལོར་གཏན་འཁེལ་བྱས་པའི་འོས་བསྡུ་དེ་སྔ་སྣུར་བཏང་པ་ཞིག་རེད། འོས་བསྡུའི་གྲུབ་དོན་གཞུང་འབྲེལ་ཐོག་ནས་གསལ་བསྒྲགས་བྱ་རྒྱུ་ཡིན་ཡང་། བརྒྱུད་ལམ་ཁག་གིས་ཚོད་དཔག་གི་གྲུབ་དོན་བཏོན་པར་གཞིགས་ན། ཤིན་ཛོ་ཨ་བྷི་ཡི་གུ་ཡངས་མང་གཙོ་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་ཀུ་མི་ཏོ་ལཱ་གཉིས་ལ་ཁྱོན་བསྡོམས་པའི་གྲོས་ཚོགས་ནང་དགོས་མཁོའི་མང་མོས་ཀྱི་རྐུབ་སྟེགས་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག་པས། ཟླ་༡༠ པའི་ཚེས་༢༣ ཉིན་ཤིན་ཛོ་ཨ་བྷི་ཡིས་གསར་འགོད་པ་ཚོར། ཁོང་གི་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་གཉིས་ལ་གྲོས་ཚོགས་ནང་གི་རྐུབ་སྟེགས་གསུམ་ཆ་གཉིས་ལས་མང་བ་ཐོབ་ཡོད་པས། ཉི་ཧོང་མི་མང་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ནས། དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས་ཁས་ལེན་བྱས་པ་ལྟར། བྱང་ཀོ་རི་ཡ་ལ་ཁ་གཏད་གཅོག་པར་ལངས་ཕྱོགས་བརྟན་པོ་བཟུང་རྒྱུ་ཡིན་པ་དང་། དེ་ལ་ཕྱི་འབྲེལ་གྱི་ཐབས་ཇུས་ནུས་ཤུགས་ལྡན་པ་ཞིག་དགོས་སྐོར་བརྗོད་ཡོད་འདུག

དེ་ཡང་དེ་སྔོན་ཟླ་༩ པའི་ཚེས་༢༥ ཉིན་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷི་ཡིས། བྱང་ཀོ་རི་ཡ་ནས་ཉི་ཧོང་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་གཉན་འཕྲང་གི་དུས་ཚོད་འདིར། མདུན་བསྐྱོད་བྱེད་པར་ཁོང་ལ་མི་མང་གི་རྒྱབ་སྐྱོར་གྱི་དབང་ཚད་གསར་པ་དགོས་སྐོར་བརྗོད་ནས། ལོ་རྗེས་མར་གཏན་འཁེལ་བའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་ལོ་གཅིག་གི་སྔ་སྣུར་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཏེ། ཟླ་༩ པའི་ཚེས་༢༨ ཉིན་གྲོས་ཚོགས་འོག་མ་རྩ་གྲོལ་བཏང་ནས། དེའི་རྒྱུ་མཚན་ནི་ཁོང་ལ་སྐྱོན་བརྗོད་ཡོང་ཐབས་མེད་པ་བཟོ་ཆེད་མིན་སྐོར་བརྗོད་ཡོད་པ་རེད།

ཉི་ཧོང་ནང་གི་ཆབ་སྲིད་ཚན་རིག་པ་ཞིག་གིས། ཤིན་ཛོ་ཨ་བྷི་བསྐྱར་དུ་འདེམས་ཐོན་བྱུང་བ་དེ། ཕྱོགས་འགལ་ཚོགས་པ་རྣམས་ཀྱི་ནུས་ཤུགས་ཆུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག་པ་དང་། དཔྱད་བརྗོད་པ་མང་པོ་ཞིག་གིས་ཀྱང་རྒྱུ་མཚན་དེ་ངོས་འཛིན་བྱེད་བཞིན་འདུག དེ་ཡང་ལོ་འདིའི་འགོ་སྟོད་དུ་སྲིད་བློན་ཨ་བྷི་ཡིས་ཁོང་དང་འབྲེལ་བ་ཡོད་པའི་མི་རྣམས་ཀྱི་ལག་ཁྱེར་སོགས་ལ་མ་བསྟུན་པར། ལས་གནས་ལ་བསྐོ་གཞག་བྱས་པའི་སྐྱོན་བརྗོད་བྱུང་ཡོད་པ་དང་། དེ་བཞིན་ཁོང་གི་སྲིད་ཇུས་ཁག་ཅིག་ལ་ཡང་སྐྱོན་བརྗོད་བྱུང་ནས། རྒྱལ་ནང་དུ་ཁོང་ལ་རྒྱབ་སྐྱོར་གྱི་བརྒྱ་ཆ་༣༠ ལས་ཉུང་བ་མར་ཟགས་ཡོད་འདུག་ཀྱང་། ཟླ་༩ པའི་ནང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཉི་ཧོང་གི་མཁའ་ལམ་བརྒྱུད་བཏང་ཡོད་པར། ཁོང་གིས་ལངས་ཕྱོགས་བརྟན་པོ་བཟུང་ནས་རྒོལ་ལན་སློག་པར་བརྟེན། རྒྱལ་ནང་དུ་ཁོང་གི་རྒྱབ་སྐྱོར་བརྒྱ་ཆ་༥༠ ཡི་སྒང་ལ་ཡར་འཕར་ཡོད་འདུག་པས། ཁོང་གིས་འོས་བསྡུ་སྔ་སྣུར་བཏང་དགོས་པའི་རྒྱུ་མཚན་ཡང་ཕྱོགས་འགལ་ཚོགས་པར་མི་མང་ནང་རྒྱབ་སྐྱོར་སྐྱོ་པོ་དང་། རང་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པའི་གོ་སྐབས་དང་བསྟུན་ནས། འོས་བསྡུ་སྔ་སྣུར་བྱས་པ་ཡིན་པའི་མཐོང་ཚུལ་འཛིན་མཁན་དཔྱད་བརྗོད་པ་མང་དག་ཅིག་ཡོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཟླ་༡༠ པའི་ཚེས་༢༢ ཉིན་གྱི་དགོང་མོར་ཁ་པར་བཏང་ནས། སྲིད་བློན་ཤིན་ཛོ་ཨ་བྷི་ལ་འཚམས་འདྲི་བྱས་འདུག་པ་དང་། འགོ་ཁྲིད་གཉིས་ཀྱིས་བྱང་ཀོ་རི་ཡར་གནོན་ཤུགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུའི་ཐད། ཕྱོགས་གཉིས་བར་བསམ་ཚུལ་གཅིག་མཐུན་ཡིན་སྐོར་གླེང་མོལ་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༨ ཀློག་གྲངས།