ཚན་རིག་པ་སྟོང་ཕྲག་བཅུ་དྲུག་ལས་མང་བས་འགྲོ་བ་མིའི་རིགས་ལ་ཉེན་བརྡ་བཏང་འདུག

འཛམ་གླིང་ནང་གི་ཚན་རིག་པ་སྟོང་ཕྲག་བཅུ་དྲུག་ལས་མང་བས་མིང་རྟགས་བཀོད་ནས་འགྲོ་བ་མིའི་རིགས་ལ་འཛམ་གླིང་ཁོར་ཡུག་གི་གནས་སྟངས་ཚབས་ཆེན་ཆགས་ཉེན་ཡོད་པའི་ཉེན་བརྡའི་ཡི་གེ་ཞིག་བཏང་འདུག

ཟླ་༡༡ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༩༩༢ ལོར་ཚན་རིག་པ་གཅིག་སྟོང་བདུན་བརྒྱ་ཡིས་མིང་རྟགས་བཀོད་པའི་ཡི་གེ་འཛམ་གླིང་ཚན་རིག་པ་ཚོའི་མིའི་རིགས་ལ་ཉེན་བརྡ་ཞེས་པ་ཞིག་བཏོན་ཡོད་པ་དང་། དེའི་ནང་འགྲོ་བ་མིའི་རིགས་ཀྱི་བྱེད་ལས་རང་བྱུང་གི་ཁོར་ཡུག་གཉིས་བར་གདོང་ཐུག་འགྲོ་བཞིན་ཡོད་འདུག ཁོར་ཡུག་ལ་གཏོར་སྐྱོན་གྱི་བྱེད་ལས་མཚམས་འཇོག་མ་བྱས་ཚེ། མ་འོངས་པར་ཉེན་ཚབས་ཆེན་པོ་ཡོད་སྐོར་འཁོད་ཡོད་འདུག ཡི་གེ་དེ་ཁྱབ་ཆེན་པོ་བྱུང་ཡོད་འདུག་ཀྱང་། དེང་གི་ཆར་ཁོར་ཡུག་ལ་ཉེན་ཚབས་སྔར་བཞིན་འཕྲད་བཞིན་ཡོད་པས། ཟླ་༡༡ པའི་ཚེས་༡༣ ཉིན་འཛམ་གླིང་ནང་གི་ཚན་རིག་པ་སྟོང་ཕྲག་བཅུ་དྲུག་ལས་མང་བས་མིང་རྟགས་འཁོད་པའི་ཉེན་བརྡའི་ཡི་གེ་ཞིག་ཚན་རིག་གི་དུས་དེབ་ཅིག་གི་ཐོག་ཏུ་བཀོད་ཡོད་འདུག ཡི་གེ་དེར་ཐོག་མར་མིང་རྟགས་བཀོད་མཁན་རྒྱལ་ཁབ་༡༨༤ ནས་ཚན་རིག་པ་སྟོང་ཕྲག་བཅོ་ལྔ་དང་སུམ་བརྒྱ་དྲུག་ཅུ་རེ་བཞི་བྱུང་འདུག་པ་དང་། ཡི་གེ་དེ་ཕྱིར་ཐོན་རྗེས་ཚན་རིག་པ་བརྒྱ་ཕྲག་མང་པོས་མིང་རྟགས་བཀོད་པར་འཐོ་འགོད་བྱས་ཡོད་འདུག

ཡི་གེ་དེའི་ནང་གལ་ཏེ་མིའི་རིགས་རྣམས་ལ་རང་ཉིད་ཀྱི་བྱ་སྤྱོད་འགྱུར་བ་གཏོང་བའི་སྤྱི་པའི་གནོན་ཤུགས་ཁྱབ་ཆེན་པོ་མ་བྱུང་ཚེ། འཛམ་གླིང་ལ་གཏོར་སྐྱོན་ཚབས་ཆེན་དང་ཕྱིར་ལྡོག་མི་ཐུབ་བྱུང་རྒྱུ་ཡིན་སྐོར་བརྗོད་ནས། གནད་བསྡུས་དཔྱད་གཞི་ལ་གཞིགས་ན་དེ་སྔོན་གྱི་ཉེན་བརྡའི་ཡི་གེ་སྐབས་ལས་ད་ལྟའི་ཆར་གྱི་ཁོར་ཡུག་གནས་སྟངས་ཆེས་སྡུག་པ་ཡོད་སྐོར་འདུག

བརྒྱུད་ལམ་ཁག་ཏུ་ཡི་གེ་དེའི་སྐོར་དཔྱད་ཞིབ་བྱས་པའི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་༡༩༧༠ ལོ་ནས་དུག་རླུང་(carbon dioxide)མཁའ་རླུང་དུ་གཏོང་བའི་ཚད་གཞི་བརྒྱ་ཆ་༩༠ ཙམ་འཕར་ཡོད་པ་དང་། དེའི་ཁྲོད་ཀྱི་བརྒྱ་ཆ་༧༨ ཙམ་རྡོ་སོལ་མེར་བཏང་བ་དང་མོ་ཊ། བཟོ་གྲྭ་སོགས་ལས་ཐོན་པ་ཡིན་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་འཛམ་གླིང་གི་ཚ་དྲོད་འཕར་གྱི་ཡོད་རྐྱེན། ད་བར་འཛམ་གླིང་གི་ཚ་དྲོད་ཐོ་འགོད་བྱས་པའི་ཁྲོད་ཕྱི་ལོ་༢༠༡༦ ལོ་ནས་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཡིན་པ་དང་། ཐོ་འགོད་བྱས་པའི་ལོ་༡༣༦ ནང་ཚ་དྲོད་ཆེ་ཤོས་ཀྱི་ལོ་༡༠ ནི་ཕྱི་ལོ་༡༩༩༨ ནས་འགོ་བཙུགས་ཡོད་འདུག འཛམ་གླིང་ཚ་དྲོད་འཕར་བ་ལ་བརྟེན་ནས་སྟོན་ཐོག་མི་འདང་བ་དང་། གནམ་གཤིས་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད་འདུག

དེ་བཞིན་འཛམ་གླིང་ནང་མི་འབོར་དང་བཟོ་ལས་འཕེལ་རྒྱས་རྐྱེན་པས་འཐུང་ཆུའི་བརྒྱ་ཆ་༢༦ ཉུང་དུ་ཕྱིན་ཡོད་པ་མ་ཟད། སྦག་བཙོག་རྐྱེན་པས་མཚོ་ཡི་ནང་དུ་རྩི་ཤིང་དང་སེམས་ཅན་འཚོ་མི་ཐུབ་པའི་མཚོ་ཁུལ་བརྒྱ་ཆ་༧༥ ཡིས་མང་དུ་ཕྱིན་ཡོད་འདུག་པས། འགྲོ་བ་མིའི་རིགས་ལ་འཐུང་ཆུ་དང་མཚོའི་ཁ་ལག་ཉུང་དུ་འགྲོ་བཞིན་ཁར། མཚོའི་ནང་གི་རྩི་ཤིང་དང་སེམས་ཅན་མང་པོ་ཞིག་རྩ་གཏོར་འགྲོ་སྲིད་པའི་ཉེན་ཁ་ཡང་ཡོད་འདུག

ཕྱི་ལོ་༡༩༩༠ མས་༢༠༡༥ བར་འཛམ་གླིང་ནང་ཤིང་ནགས་ཀྱི་ས་ཆ་ཧེག་ཊར་ས་ཡ་༡༢༩ སྟེ་ལྷོ་ཨ་ཧྥེ་རི་ཀ་རྒྱལ་ཁབ་ཀྱི་རྒྱ་ཁྱོན་ཙམ་ཞིག་མེད་པ་ཆགས་ཡོད་འདུག་ཀྱང་། ཚན་རིག་པ་ཚོས་རེ་བ་མཐོང་ཡུལ་ལ་ད་ལྟའི་ཆར་འཛམ་གླིང་ཤིང་ནགས་གཅོད་གཏུབ་ཀྱི་མྱུར་ཚད་དལ་དུ་ཕྱིན་ཡོད་པ་དང་། དེ་བཞིན་ཨོ་ཛོན་བླ་བྲེ་(ozone layer)སྲབ་ཏུ་འགྲོ་བའི་དཀའ་ངལ་དེར་ཡར་རྒྱས་ཕྱིན་ཡོད་འདུག་པས། ཚན་རིག་པ་ཚོས་གལ་ཏེ་འགྲོ་བ་མིའི་རིགས་རྣམས་ཀྱིས་མཉམ་རུབ་ཐོག་ནས་གནད་དོན་ཞིག་ལ་ལས་ཀ་བྱས་ཚེ། ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་གསལ་པོ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༡༩༩༢ ལོ་ནས་ད་བར་འཛམ་གླིང་མི་འབོར་འཕེལ་རྒྱས་ཀྱི་བརྒྱ་ཆ་༣༥ཡིན་པ་དང་། ཕྱི་ལོ་༢༠༥༠ ཡི་མཚམས་ལ་འཛམ་གླིང་ནང་འཚོ་མཁན་མི་འབོར་ཐེར་འབུམ་༡༠ ཙམ་ཆགས་རྒྱུར་ཚོད་དཔག་ཡོད་འདུག འོན་ཀྱང་ཕྱི་ལོ་༡༩༩༢ ལོ་ནས་ད་བར་སེམས་ཅན་༢༩ ལ་ཉེ་བ་ཉུང་དུ་ཕྱིན་ཡོད་འདུག་པ་དང་། མ་འོངས་པའི་དུས་རབས་ནང་སེམས་ཅན་མང་པོ་ཞིག་རྩ་མེད་འགྲོ་བའི་ཉེན་ཁ་ཡང་ཡོད་འདུག

ཉེན་བརྡའི་ཡི་གེ་འབྲི་མཁན་ཚན་རིག་པ་རྣམས་ཀྱིས། ཡི་གེ་དེས་འཛམ་གླིང་ནང་ཁོར་ཡུག་དང་གནམ་གཤིས་ཀྱི་གནས་སྟངས་ཐད་གླེང་སློང་ཤུགས་ཆེན་ཡོང་ནས། མི་མང་ནང་ཉེན་ཚབས་ཀྱི་གནས་སྟངས་སྐོར་གོ་རྟོགས་ཐོབ་པ་དང་། འཛམ་གླིང་གི་དཀའ་ངལ་མཉམ་རུབ་ཐོག་ནས་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༤༨ ཀློག་གྲངས།