བཙོན་འོག་ཏུ་བཅུག་པའི་རྩོམ་པ་པོའི་ཉིན་མོ།

བོད་ཀྱི་བཙོན་འོག་རྩོམ་པ་པོ་རྣམས་ནི་མི་རིགས་ཀྱི་ངོ་བོ་ལ་འགྲེལ་བརྗོད་བྱེད་མ་ཆོག་པ་དང་། སོ་སོའི་ཚོར་འདུ་དང་། འཆར་སྣང་། ཕུགས་བསམ་ཕྱིར་མངོན་ཆོག་གི་མེད་པའི་རྒྱ་གཞུང་གི་སྲིད་ཇུས་ལས་བཙོན་འོག་ཏུ་ཚུད་པ་ཞིག་ཡིན་སྟབས། དེ་ནི་སྤྱིར་བཏང་གི་རྩོམ་པ་པོའི་དཀའ་ངལ་ཞིག་མིན་སྐོར་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་དང་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ཀྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་མཉམ་འབྲེལ་གྱི་སྒྲིག་འོག ནམ་ཡང་མི་སྨྲའི་རྟུལ་ཞུགས་འཛིན་མ་མྱོང་བའི་བཙོན་འོག་གི་རྩོམ་པ་པོ་ཞེས་པའི་ཁ་བྱང་གི་ཐོག་ནས། རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ནས། སྨྲ་བརྗོད་རང་དབང་སྲུང་བའི་བོད་ཀྱི་རྩོམ་པ་པོ་བཙོན་འཇུག་སྐོར་གྱི་སྙན་ཐོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་དང་། ས་རཱ་མཐོ་སློབ་ཀྱི་ཉམས་ཞིབ་སློབ་མའི་ངེས་སྟོན་པ་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་བཅས་ཀྱིས་དབུས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་དང་། ཚོགས་གཞོན་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ། གཞན་ཡང་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ་ཀྱི་སློབ་མ་རྣམས་དང་། དོ་སྣང་ཅན་གྱི་མི་ཁག་ཅིག་བཅས་མི་གྲངས་༥༠ ཡས་མས་འཛོམས་འདུག་པ་མ་ཟད། བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་མཛད་སྒོའི་མདུན་གྲལ་ནང་རྐུབ་སྟེགས་སྟོང་པ་ཞིག་ཆེད་དུ་བཞག་འདུག

མཛད་སྒོའི་ཐོག་མར་མར་མེ་ཞལ་འབྱེད་དང་བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་གྲུབ་མཚམས། བོད་ནང་གི་བཙོན་འོག་རྩོམ་པ་པོ་གཉིས་ཀྱི་སྙན་ངག་གྱེར་འདོན་དང་།  ཕྱི་ལོ་༢༠༡༧ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་དམིགས་བསལ་འདེམས་ཐོན་བྱུང་བའི་བཙོན་འོག་གི་རྩོམ་པ་པོ་ཁག་ལྔའི་ལོ་རྒྱུས་ངོ་སྤྲོད། དེ་བཞིན་བོད་ཀྱི་བཙོན་འོག་རྩོམ་པ་པོ་ཞོགས་ལྗང་དང་། དཀོན་མཆོག་ཚེ་འཕེལ་གཉིས་ཀྱི་གནས་སྟངས་ངོ་སྤྲོད་དང་།  རྩོམ་པ་པོ་ཡེ་ཤེས་ཆོས་སྒྲོན་དང་། ཚེ་རིང་འོད་ཟེར། འཇམ་དབྱངས་སྐྱིད། ཚེ་རིང་དོན་གྲུབ། འབྲོག་རུ་ཚུལ་ཁྲིམས་བཅས་ཀྱི་གནས་སྟངས་ངོ་སྤྲོད་བྱས་སོང་།

དེ་རྗེས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སློབ་སྤྱི་སྨན་ཤེར་བློ་གྲོས་ཀྱིས་བོད་ཀྱི་རྩོམ་པོ་མཐུན་ཚོགས་ཀྱིས་བཏོན་པའི་བཙོན་འོག་རྩོམ་པ་པོའི་སྙན་ཐོ་དང་འབྲེལ་ནས་གསུང་དོན་དུ་“བཙོན་འོག་གི་རྩོམ་པ་པོའི་སྙན་ཐོའི་རིན་ཐང་ངམ་དོན་སྙིང་དང་། ང་ཚོ་བར་ཐག་ཉེ་པོ་ཆགས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་དེ་རིང་གི་ཉིན་མོ་ང་ཚོས་སྲུང་བརྩི་ཞུ་བ་འདི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་ཀ་དེ་འདྲ་གང་མ་རེད། ང་ཚོས་ཁོང་ཚོར་ཆེ་བསྟོད་དང་། ཁོང་ཚོའི་མཚན་སྙན་དང་། ལོ་རྒྱུས། གཟི་བརྗིད་ལ་ཡི་རངས་དང་བསྔགས་བརྗོད་ཞུ་ཡ་ཞིག་ཆགས་ཡོད་རེད། དེ་ཆགས་པའི་གནད་འགག་རྩ་བ་དེ་གང་ལ་ཐུག་ཡོད་རེད་ཟེར་ན། བཙོན་འོག་གི་རྩོམ་པ་པོ་དེ་ཚོ་བཙོན་པ་གཞན་དང་འདྲ་གི་མ་རེད་ལ་མི་གཞན་དང་འདྲ་གི་མ་རེད། ང་ཚོ་བོད་པ་ལ་རྩོམ་པ་མང་པོ་ཡོད་ཀྱང་བཙོན་འོག་ལ་འགྲོ་མཁན་རིགས་ཉུང་ཤས་ཤིག་རེད། ཉུང་ཤས་ཤིག་ཡང་ནས་ཡང་དུ་བཙོན་འོག་ལ་འགྲོ་དགོས་ཁེལ་གྱི་ཡོད་རེད། དཔེར་ན་རྩོམ་པོ་པོ་ཚེ་རིང་འོད་ཟེར་ལ་མཚོན་ན་ཧ་ལམ་ལོ་༡༣ དང་༡༤ ལྟ་བུའི་རིང་ལ་དཀའ་ངལ་དེ་རྒྱུན་མ་ཆད་པར་འཕྲད་མུས་རེད། དེར་བརྟེན་དེའི་གནད་འགག་གང་རེད་ཟེར་བསམ་བློ་བཏང་ན། བཙོན་འོག་གི་རྩོམ་པ་པོ་དེ་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་ང་ཚོ་མི་རིགས་ཀྱི་རྩོམ་པ་པོའི་དཀའ་ངལ་འཕྲད་ཀྱི་ཡོད་རེད། སྤྱིར་བཏང་གི་རྩོམ་པ་པོའི་དཀའ་ངལ་འཕྲད་ཀྱི་ཡོད་མ་རེད། འདིའི་གནད་འགག་གང་རེད་ཟེར་ན་དཀའ་ངལ་གཉིས་ལ་ཐུག་ཡོད་རེད། གཅིག་དེ་ཁོང་ཚོས་མི་རིགས་ཀྱི་ངོ་བོ་ལ་འགྲེལ་བརྗོད་བྱེད་ཆོག་གི་ཡོད་མ་རེད། དེ་བྱས་ན་བཙོན་ལ་འཇུག་རྒྱུ་རེད། གཉིས་པ་དེ་རང་ཉིད་ཀྱིས་སོ་སོའི་ཚོར་འདུ་དང་། འཆར་སྣང་། ཕུགས་བསམ་ཕྱིར་མངོན་ཆོག་གི་ཡོད་མ་རེད། དེ་གཉིས་དེ་རྩོམ་པ་པོ་དེ་ཚོའི་དཀའ་ངལ་ཆེ་ཤོས་གཉིས་དེ་རེད།”ཅེས་དང་། བརྡ་འཕྲིན་གྱིས་དབང་བསྒྱུར་བའི་དེང་གི་དུས་འདིར་མཐོ་དམན་བར་གསུམ་གྱི་མི་ཚང་མར་དགོས་མཁོ་ཆེས་ཆེ་བ་ནི་བརྡ་འཕྲིན་གྱི་གནས་ཚུལ་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་རྣམས་ལ་བརྡ་འཕྲིན་བཀག་སྡོམ་བྱས་པ་ནི་གདོང་ཐུག་དང་པོ་དང་། རྒྱ་ནག་གཞུང་གིས་བརྡ་འཕྲིན་ཚང་མ་ཆབ་སྲིད་ཀྱིས་དབང་བསྒྱུར་བྱས་ནས་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ཆེར་བསྐྱེད་ཐོག་བོད་པ་ལྟ་བུའི་གནད་དོན་གྱི་ཐོག་ལ་རྫུན་གཏམ་ཁྱབ་སྤེལ་ཤུགས་ཆེར་བྱེད་བཞིན་པའི་ཉེར་ལེན་ལས། བོད་པ་སོ་སོའི་ངོ་བོ་སོ་སོས་ངོས་འཛིན་བྱེད་དཀའ་བའི་ཚད་དུ་སླེབས་ཡོད་པ་ནི་བོད་ཀྱི་རྩོམ་པ་པོའི་གདོང་ཐུག་གཉིས་པ་དེ་ཡིན་སྐོར་སོགས་བརྗོད་སོང་།

དེ་རྗེས་ས་རཱ་མཐོ་སློབ་ཀྱི་ཉམས་ཞིབ་སློབ་མའི་ངེས་སྟོན་པ་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་གྱིས་ཉེ་བའི་ལོ་བརྒྱ་ཕྲག་རིང་གི་འཛམ་གླིང་ཤར་ནུབ་གཉིས་བསྡུར་ན་གནམ་སའི་ཁྱད་པར་ཡོད་པ་དང་། ཤར་ཕྱོགས་པ་ཡོངས་ཀྱིས་ཐ་ན་ཟ་ཉལ་འགྲོ་འདུག་ཚུན་གྱི་བྱ་སྤྱོད་རྣམས་ནུབ་ཕྱོགས་པར་དཔེ་བལྟ་ཡི་ཡོད་ཀྱང་། ནུབ་ཕྱོགས་པ་རྣམས་དེ་འདྲའི་སྔོན་ཐོན་གྱུར་དགོས་པའི་རྒྱུ་མཚན་ནི། ཁོང་ཚོས་རང་དབང་གི་ཐོག་ནས་བསམ་བློ་བརྗེ་རེས་དང་། དེར་ཞིབ་འཇུག་དང་ཕྱོགས་བསྡོམས་བྱས་པའི་འཇུག་འབྲས་དེ་སྲིད་ཇུས་སུ་གཏན་འབེབས་བྱས་ཏེ། ད་བར་བང་རིམ་བསྒྲིགས་ནས་ཡོང་ཡོད་པ་དེ་ལ་ཐུག་ཡོད་པ་དང་། རྩོམ་འབྲིའི་རང་དབང་བཀག་ན་དེ་ལྟ་བུའི་བསམ་བློའི་ཡར་རྒྱས་དེ་ཡོང་ཐུབ་ཀྱི་མེད་སྟབས་རྩོམ་འབྲིའི་རང་དབང་གལ་ཆེན་པོ་ཡིན་སྐོར་དང་། ཆབ་སྲིད་ཀྱི་ཁེ་དབང་སྒེར་འཛིན་དང་། ཤེས་ཡོན་ཕྱོགས་རེ་བ་དང་ལམ་ལུགས་ཕྱོགས་རེ་བ་རྣམས་འགེབས་སྲུང་ག་དུས་བྱེད་དགོས་ན་དེ་དུས་རྩོམ་འབྲིའི་རང་དབང་དེ་བཀག་སྡོམ་བྱེད་ཀྱི་ཡོད་སྐོར། ད་ལྟའི་རྒྱ་ནག་དམར་ཤོག་གཞུང་གིས་ཁོ་རང་ཚོའི་སྲིད་དབང་མུ་མཐུད་རྒྱུན་བསྐྱངས་བྱེད་ཆེད་དུ་བོད་མིའི་རང་དབང་ཆ་ཚང་བཀག་འགོག་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

དེ་རྗེས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་གིས་རྩོམ་པ་པོ་ཚད་དང་ལྡན་པ་ཞིག་ཡིན་ཚེ་བདེན་པ་གཙིགས་སུ་འཛིན་པ་ཞིག་དགོས་པ་དང་། རྩོམ་པ་པོ་གང་ཞིག་གིས་བཤད་བཞིན་པ་དེ་དོན་དངོས་ཀྱི་གནས་ཚུལ་དང་མཐུན་མིན་ཅི་ཞིག་ཡིན་རུང་། ཁོ་རང་གིས་ངོས་ནས་བློ་གཟུ་བོར་གནས་པའི་ཐོག་ནས་བརྗོད་ན་དེ་ནི་མ་མཐའི་རྩོམ་པ་པོའི་ཆ་རྐྱེན་ཡིན་སྐོར་དང་། བོད་ཀྱི་ཕྱི་རོལ་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་ལས་འགན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་ལོ་རྒྱུས་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱལ་རྒྱུ་དང་། འཛམ་གླིང་རྒྱལ་སྤྱིའི་རྩོམ་རིག་གི་འགྱུར་འགྲོས་ནང་འདྲེན་བྱ་རྒྱུ་དེ་ཡིན་སྐོར་སོགས་བརྗོད་སོང་།

གཞན་ཡང་མཛད་སྒོའི་སྐབས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ཀྱང་བྱས་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༣༥ ཀློག་གྲངས།