བོད་མི་ཆབ་སྲིད་བཙོན་པ་གློད་གྲོལ།

བོད་མི་ཆབ་སྲིད་བཙོན་པ་དཀོན་མཆོག་དོན་གྲུབ་མི་ལོ་ཧྲིལ་པོ་དགུ་དང་ཕྱེད་ཀའི་རིང་བཙོན་ཁྲིམས་ཐག་བཅད་པའི་དུས་ཡུན་ཚང་ནས། ཕྱི་ཟླ་༡༠ ཚེས་༢ ཉིན་གློད་གྲོལ་ཐོབ་པ་དང་། ཁོང་གི་ཁྱིམ་མི་དང་། གཉེན་ཉེ་སོགས་ཕ་ཡུལ་གྱི་མི་ཚོས་ཁོང་ལ་ཕེབས་ཟབ་རྒྱས་བྱས་ཡོད་པ་རེད།

དཀོན་མཆོག་དོན་གྲུབ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུ་རྫོང་མཚེ་རུ་མ་ཞང་ནུར་མ་སྡེ་བ་འགབ་མ་ནས་ཡིན་པ་དང་། ཁོང་ནི་ས་བྱིའི་ཞི་རྒོལ་ཆེན་མོའམ་ཕྱི་ལོ་༢༠༠༨ ལོར་བོད་ནང་བོད་མི་ཚོས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་སྐབས་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་འདུག

ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༣པའི་ཚེས་༡༧ཉིན་གྱི་ཞི་རྒོལ་ལས་འགུལ་སྤེལ་སྐབས་མཚེ་རུ་མ་ཡུལ་ཚོའི་མི་མངགས་གཏོང་ཁང་གི་རླངས་འཁོར་མེར་སྲེག་གཏོང་མཁན་ཡིན་ཚུལ་གྱི་ཉེས་པ་བཙན་འགེལ་བྱས་པ་དང་། དེ་དུས་ཁོང་རང་ལོ་༡༦ལས་སོན་མེད་ཀྱང་། ༢༠༠༨ ཟླ་༤ པའི་ཚེས་༡༦ ཉིན་འཛིན་བཟུང་དང་། ཕྱི་ཟླ་༦ པའི་ཚེས་༡༥ ཉིན་ཁོང་ལ་ཁྲིམས་གཅོད་སྐབས་བཙན་གྱིས་ལོ་༢༠ བཟོས་ནས་རྨ་ཆུ་རྫོང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་༡༢ ཀྱི་ཁྲིམས་ཐག་བཅད་ཡོད་

འདུག

ཁྲིམས་ཁང་དེས་ཉིན་དེར་བོད་མི་གཞན་གཉིས་ལའང་ཟླ་༣ པའི་༡༧ ཉིན་གྱི་ཞི་རྒོལ་ལས་འགུལ་ཀྱི་ཉེས་པ་བཙུགས་ནས་ཁྲིམས་ཐག་བཅད་ཡོད་པ་རེད། བོད་མི་ཞི་རྒོལ་བ་ནུར་མ་གོང་མའི་ཝ་འབའ་སྡེ་བའི་སྒྲོལ་སྐྱབས་ཚང་གི་བླ་མ་སྐྱབས། མ་མིང་ན་མེ། རང་ལོ་༡༩ ཡིན་པ། ཁྲིམས་ཆད་ལོ་༡༥དང་། ཁོང་ལ་ཕྱི་ཟླ་༣ པའི་ཚེས་༡༧ ཉིན་མཚེ་རུ་མ་ཞང་དུ་ཞི་རྒོལ་སྐབས་ཡུལ་ཚོའི་མངགས་གཏོང་ཁང་དང་སྲིད་གཞུང་གི་གཞུང་ལས་ཁང་མེར་སྲེག་བཏང་ཚུལ་གྱི་ཉེས་པ་བཙན་འགེལ་བྱས།

ནུར་མ་གོང་མའི་གཙང་སྐོར་སྡེ་བའི་རོང་མཆིག་ཚང་གི་མཁས་མཆོག་གམ་མིང་གཞན་འཇམ་དཔལ།  རང་ལོ་༣༦།  ཁྲིམས་ཆད་ལོ་༡༣ ཕོག  ཁོང་ལ་ཕྱི་ཚེས་༡༧ཉིན་མཚེ་རུ་མ་ཡུལ་ཚོ་རུ་ཞི་རྒོལ་ལས་འགུལ་སྤེལ་སྐབས། མཚེ་རུ་མ་ཡུལ་ཚོའི་སྲིད་གཞུང་ར་བའི་རྒྱ་དམར་གྱི་རྒྱལ་དར་མར་ཕབ་སྟེ་མེར་སྲེག་གིས་ཚབ་ཏུ་རས་ཡུག་དཀར་པོའི་སྟེང་གངས་རིའི་དཔའ་རྒོད་ཚོ་རང་དབང་གི་ཆེད་དུ་ལོངས་ཤོག་ཅེས་བྲིས་པ་བསྒྲེངས་འཛུགས་བྱས་པའི་ཉེས་པ་བཙན་འགེལ་བྱས། ཁོང་ལ་ཨ་མ་ནད་མནར་ཞིག་དང་བཟའ་ཟླ། ཕྲུ་གུ་ལོ་བརྒྱད་ཅན་ཞིག་དང་ལོ་ལྔ་ཅན་ཞིག་ལས་མེད། འདི་ལོ་༢༠༡༧ ཟླ་༤ པའི་ཚེས་༣༠ ལ་ཁོང་ལོ་བཞི་སྔ་ནུར་གྱིས་གློད་གྲོལ་བྱས་ཡོད་མོད་ཁོང་གི་རྐང་བ་ཡ་གཅིག་ནད་པ་ཆགས་མ་ཟད་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་འདུག །

ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ནས་༡༨ བར་ཉིན་གསུམ་རིང་རྨ་ཆུ་རྫོང་དུ་སློབ་མ་དང་། དགེ་འདུན་པ། འབྲོག་པ་མང་ཚོགས་བཅས་ཀྱིས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་ལ། ངོ་རྒོལ་སྐབས་ལག་ཏུ་ཁ་བཏགས་དང་། བོད་ཀྱི་རྒྱལ་དར། ༧གོང་ས་མཆོག་གི་སྐུ་པར་བཅས་བཟུང་ནས་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པའི་སྐད་འབོད་བྱས་ཡོད་པ་རེད། གཞན་ཡང་ངོ་རྒོལ་ལས་འགུལ་བ་ཚོས་སྲིད་གཞུང་གི་ལས་ཁུངས་ཁག་ལ་རྡོས་གཞུ་བ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མེར་སྒྲོན་པ་སོགས་བྱས་ཡོད། སྐབས་དེར་ས་གནས་སྤྱི་བདེ་ལས་ཁུངས་ཡོངས་རྫོགས་མེར་བསྲེགས་ཏེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་པ་རེད།

དཀོན་མཆོག་དོན་གྲུབ་ཁོང་མི་ལོ་བཅུ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་པའི་ལོ་ཁ་མ་གང་གོང་གློད་པའི་རྒྱུ་མཚན་ཅི་ཡིན་མ་ཤེས་མོད། ཅིག་བྱས་ན་ཁོང་བཙོན་དུ་སྡོད་རིང་སྒྲིག་ལམ་བརྩིས་ནས་སྤྱོད་ལམ་ཚུལ་བཞིན་བསྟེན་པས་ཡིན་སྲིད་ལ། ཡང་ན། ཁོང་ལ་བཅོས་དཀའ་བའི་ནད་གཞི་འདྲ་ཕོག་པས་བཙོན་ཁང་གི་དབང་འཛིན་པ་ཚོས་འགན་འཁུར་མ་ཐུབ་པར་སྔ་ས་ནས་གློད་གྲོལ་བཏང་བའང་ཡིན་སྲིད་པ་ལས། དམ་དྲག་འོག་གནས་ཚུལ་ཆ་ཚང་རྒྱུས་ལོན་ཐུབ་ཀྱི་མེད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༢ ཀློག་གྲངས།