བསྟན་འཛིན་བདེ་སྐྱིད་ལ་སྤྱི་ཚོགས་བརྒྱུད་ལམ་གྱི་མཛངས་མའི་བྱ་དགའ་ཐོབ།

ཟླ་འདིའི་ཚེས་༡༤ ནས་ཚེས་༢༡ བར་རྒྱ་གར་ལྷོ་ཕྱོགས་ཀེ་རེ་ལཱ་ ཀོ་ཆེན་ནང་མཱ་ནེ་པུ་རམ་ཨེ་ཤི་ཡའི་མཛངས་མའི་འགྲན་སྡུར་འཚོགས་ཡོད་པ་དང་། དེའི་ནང་བོད་མི་བསྟན་འཛིན་བདེ་སྐྱིད་མཉམ་ཞུགས་བྱས་ཏེ། སྤྱི་ཚོགས་དྲ་ལམ་གྱི་དགའ་མོས་བྱེད་སའི་མཛངས་མའི་བྱ་དགའ་ཐོབ་ཡོད་པ་རེད།

འགྲན་སྡུར་དེའི་ནང་རྒྱལ་ཁབ་༢༠ སྐུ་ཚབ་བུད་མེད་མཉམ་ཞུགས་བྱས་ཡོད་པ་དང་། ཨེ་ཤི་ཡའི་མཛངས་མའི་རྒྱལ་ཁ་རྒྱ་ནག་གི་ཧོ་ནེ་ ཁྲེན་མེ་ལ་ཐོབ་ཡོད་འདུག

བསྟན་འཛིན་འཛིན་བདེ་སྐྱིད་ལ་འགྲན་སྡུར་དེའི་ནང་ཞུགས་དགོས་དོན་དང་སྤྱི་ཚོགས་དྲ་ལམ་གྱི་མཛངས་མའི་(Miss Social Media) བྱ་དགའ་ག་འདྲ་ཐོབ་པ་ཡིན་སྐོར་གནས་འདྲི་བྱས་པར། “བོད་པར་ཨེ་ཤི་ཡའི་མཛངས་མའི་འགྲན་སྡུར་སྐོར་ལ་དོ་སྣང་ཞེ་དྲག་མི་འདུག ངས་ལོ་སྔོན་མ་ནས་དེ་རྩད་གཅོད་བྱས་ཏེ་མཉམ་ཞུགས་བྱེད་ཐབས་བྱས་པས་ད་ལོ་འཛུལ་ཞུགས་ཐུབ་སོང་། དེའི་ཁྲོད་བོད་པ་ཞེ་དྲག་ཧ་གོ་ཡི་མི་འདུག་ལ། ཁྱེད་ཚོའི་ས་ཁྲ་ག་འདྲ་ཡོད་རེད་ཟེར་གྱི་འདུག ངས་བོད་ཀྱི་ས་ཁྲ་བསྟན་པ་དང་བོད་ཀྱི་ལོ་རྒྱུས་བྱུང་རིམ་འགྲེལ་བརྗོད་བྱས་ཡིན། འགྲན་སྡུར་ཙམ་མ་ཡིན་པར་ཕན་ཚུན་རིག་གནས་བརྗེ་ལེན་གྱི་གོ་སྐབས་ཡག་པོ་བྱུང་སོང་། དེ་བཞིན་བོད་པའི་བུད་མེད་ཚོ་རྣམ་པ་འཇོན་ཐང་ཡག་པོ་ཡོད་མཁན་མང་པོ་ཡོད་རེད་དེ། སྡིངས་ཆའི་ཐོག་ཞེ་དྲག་སླེབས་ཀྱི་མེད་པས། ངས་འབད་བརྩོན་བྱས་པ་ཡིན་ལ། སིད་སུར་གནས་སྡོད་ཇོ་ཇོ་འཇམ་དཔལ་གྱིས་ལམ་སྟོན་འོག་མཉམ་ཞུགས་ཐུབ་སོང་”ཞེས་འགྲེལ་བརྗོད་བྱས་སོང་།

བསྟན་འཛིན་བདེ་སྐྱིད་ཀྱིས་མུ་མཐུད་བརྗོད་དོན། “རྒྱལ་སྤྱིའིི་སྡིངས་ཆ་དེ་འདྲའི་ཐོག་འགྲོ་ཐུབ་ན། སློབ་སྦྱོང་དང་མཉམ་མྱོང་ཡག་པོ་རག་གི་འདུག་ལ། བོད་པ་ཟེར་བ་ངོ་ཤེས་མཁན་ཉུང་ཉུང་ཡིན་པས། དེ་འདྲར་འགྲོ་ཐུབ་ན་བོད་པ་ངོ་སྤྲོད་ཡག་པོ་ཡོང་གི་རེད། སྡིངས་ཆ་ཁ་ཤས་རྙོག་གྲ་ཡོད་པས། ཐོག་མར་འགྲོ་ས་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་ཡང་གལ་ཆེན་པོ་རེད་ལ། འགྲན་སྡུར་ནང་ཞུགས་མཁན་ཚོར་སྦྱོང་བརྡར་དང་མཉམ་མྱོང་ཡོད་མཁན་རྐྱང་རེད་འདུག ང་ཚོས་ཀྱང་དོ་སྣང་དགོས་ཀྱི་འདུག ངས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་ཆེད་རྒྱ་གར་གྱི་གཞས་འཁྲབ་ཡིན་ལ། བོད་པས་རིག་གཞུང་སྣ་མང་ལ་གུ་ཡངས་པོ་ཐོག་ནས་དོ་སྣང་སློབ་སྦྱོང་བྱེད་ཀྱི་ཡོད་སྐོར་ཡང་ངོ་སྤྲོད་བྱས་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།

སྤྱི་ཚོགས་བརྒྱུད་ལམ་གྱི་མཛངས་མའི་བྱ་དགའ་ནི་མི་མང་ཁྲོད་ནས་དྲ་གནས་ཁག་བརྒྱུད་དོ་སྣང་དང་དགའ་མོས་བྱེད་མཁན་མང་ཤོས་དེར་ཐོབ་ཀྱི་ཡོད་པ་རེད།

བསྟན་འཛིན་བདེ་སྐྱིད་རྒྱ་གར་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་སྐྱེས་པ་དང་། རང་ལོ་༢༢ ཡིན་འདུག ད་ལྟ་ཝ་ར་ན་སའི་མཐོ་སློབ་ཏུ་བྷུན་ཏར་དགེ་འོས་མཐོ་སློབ་ཀྱི་ཁོངས་སུ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share this:
༣༧༨ ཀློག་གྲངས།