བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་དེ་འོས་འཚམས་ལྡན་པ་ཞིག་རེད།

རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པའི་དཀའ་རྙོག་དེ་སེལ་བར་དབུ་མའི་ལམ་དེ་འོས་འཚམས་ལྡན་པ་ཞིག་ཡིན་པར་ང་ཚོ་ཡིད་ཆེས་ཡོད་ཅེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཧོན་ཀེ་ཝིན་ཨན་ཌིའུ་ཡིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་སྐུ་ཞབས་ཌེ་རི་ཧིན་ཆི་དང་།  ཀེ་ཝིན་ཨན་ཌིའུ།  ཀིམ་བྷར་ལེ་ཀི་ཅིང་། ལྕམ་སྐུ་མེ་རིལ་ཇེན་སྭན་སོན་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་འདས་པའི་ཉིན་༤ རིང་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནང་བསྐྱོད་པའི་མྱོང་ཚོར་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་ལྷན་ཚོགས་སྐབས་ཐོག་མར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཌེ་རི་ཧིན་ཆིས། ཁོང་སྒེར་གྱི་ངོས་ནས་ཕྱི་ལོ་༡༩༨༠ ནང་བོད་ནང་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་ཁྲག་དྲི་ཐུལ་བའི་དྲག་གནོན་བྱས་རྗེས་ནས་བོད་དོན་གྱི་སྐོར་ལ་རྒྱུས་ལོན་བྱུང་སྟེ། བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་དང་། རྒྱ་ནག་གཞུང་ནས་བོད་ནང་རྒྱ་ནག་ཧན་མི་རིགས་གཞི་རྒྱ་ཆེན་པོ་གནས་སྤོ་བྱས་པ་བརྒྱུད་བོད་མི་རྩ་མེད་འགྲོ་རྒྱུའི་རེ་བ་རྒྱག་བཞིན་ཡོད་ཀྱང་། བོད་མིའི་སྒལ་རུས་དང་། རྒྱབ་ལྗོངས། བརྩོན་སེམས་བཅས་ལས་ནུས་སྟོབས་མཐོང་བྱུང་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བསྒྲུབས་པའི་བྱ་བ་དང་། ལྷག་པར་ལྷག་དཀར་སྲུང་བརྩིའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་བཞིན་པ་ཤེས་རྟོགས་བྱུང་སྐོར། གཞན་ཡང་འདས་པའི་ཉིན་ཤས་རིང་བོད་ཁྱིམ་སློབ་གྲྭ་དང་། བོད་ཀྱི་གྲྭ་བཙུན་གྱི་དགོན་སྡེ་ཁག་ལ་སོང་སྐོར་གྱི་མྱོང་ཚོར་བཅས་བརྗོད་སོང་།

དེ་རྗེས་སྐུ་ཞབས་ཧོན་ཀེ་ཝིན་ཨན་ཌིའུ་ཡིས་“བོད་མིའི་རང་སྲིད་རང་སྐྱོང་ནི་འཛམ་གླིང་གི་འགོ་ཁྲིད་རྣམས་ཀྱི་དོ་སྣང་འགུག་མཁན་ཞིག་རེད། འཛམ་གླིང་གི་རྒྱལ་ཁབ་སྣ་ཚོགས་པའི་སྲིད་འཛིན་དང་། སྲིད་བློན། དེ་བཞིན་འགོ་ཁྲིད་གཞན་རྣམས་ཀྱིས་དུས་ནས་དུས་སུ་བོད་ནང་གི་བོད་མིའི་དཀའ་རྙོག་སེལ་དགོས་པའི་སྐད་ཆ་བཤད་ཀྱི་ཡོད་རེད།”ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁོང་གིས་“ང་ཚོ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་འདིར་ཡོང་བའི་རྒྱུ་མཚན་གྱི་ཆ་ཤས་གཅིག་ནི། ང་ཚོའི་འབོད་སྒྲ་དེ་རྒྱལ་སྤྱིའི་འབོད་སྒྲའི་ཐོག་བསྐྱལ་ཆེད་རེད། རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པའི་དཀའ་རྙོག་སེལ་བར་དབུ་མའི་ལམ་དེ་འོས་འཚམས་ལྡན་པ་ཞིག་ཡིན་པར་ང་ཚོར་ཡིད་ཆེས་ཡོད།”ཅེས་དང་། “ང་ཨོ་སི་ཊོ་ལི་ཡར་ཕར་འབྱོར་དུས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་མུ་མཐུད་བོད་དོན་གླེང་སློང་བྱེད་ཀྱི་ཡིན་ལ། དེ་ལས་རྒྱ་ཆེ་ས་རྒྱལ་སྤྱིའི་ཐོག་ནས་ད་ལྟ་འགྲོ་བཞིན་པའི་དཀའ་ངལ་འདིར་ཞི་བའི་གྲོས་ཆོད་ཅིག་ཡོང་ཐབས་སུ་འབད་ཀྱི་ཡིན།”ཞེས་སོགས་བརྗོད་སོང་།

གྲོས་ཚོགས་འཐུས་མི་ཀིམ་བྷར་ལེ་ཀི་ཅིང་དང་། ལྕམ་སྐུ་མེ་རིལ་ཇེན་སྭན་སོན་གཉིས་ཀྱིས་ཀྱང་ཉིན་ཤས་རིང་ཚོགས་སྡེ་འདྲ་མིན་ནང་བསྐྱོད་ནས་མི་སྣ་ཚོགས་པ་དང་ཐུག་འཕྲད་བྱས་ནས་བློ་ཡུལ་ལས་འདས་པ་ལྟ་བུ་བྱུང་སྐོར་དང་། བོད་མི་ཚོས་ཤེས་ཡོན་གྱི་ཐོག་ལ་ནན་ཏན་ཆེན་པོ་བྱེད་བཞིན་པ་དེས་དམིགས་བསལ་སེམས་འགུལ་ཐེབས་བྱུང་སྐོར། དེ་བཞིན་བོད་མིས་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་བཞིན་པ་འདི་ནི་འཛམ་བུ་གླིང་ལ་དཔེ་མཚོན་ལྟ་བུ་ཆགས་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཉེ་ཆར་ཡུ་རོབ་རྒྱལ་ཁབ་མང་པོས་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་གུས་བཀུར་བྱས་པའི་ཐོག བོད་དོན་རྒྱབ་སྐྱོར་བསྟུད་མར་བྱེད་པ་བཞིན་པ་གསལ་པོ་ཡིན་སྐོར་དང་། ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་བར་ལ་ཚོང་ལས་ཀྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་རུང་། བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་བྱ་ངེས་ཡིན་སྐོར། དེ་བཞིན་བོད་ཕྲུག་རྣམས་ཨོ་སི་ཊོ་ལི་ཡར་རིམ་བཞིན་སློབ་སྦྱོང་བྱེད་དུ་འགྲོ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Share this:
༢༤༥ ཀློག་གྲངས།