བྷེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་གཞུང་གིས་བསྐོ་རོགས།

ཟླ་འདིའི་༢༤ ཉིན་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་སྤྱི་མི་རྣམས་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་གི་འོག་ཏུ་འཚོགས་ནས་ཟླ་འདིའི་ཚེས་༡༨ ཉིན་གྱི་གཞིས་ལས་ཁང་གིས་གསལ་བསྒྲགས་ནང་འཁོད་པའི་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་བཀའ་ཡིག་དགོངས་དོན་བཞིན། ས་གནས་འགོ་འཛིན་ས་གནས་མི་མང་གིས་འོས་འདེམས་ཐུབ་མིན་སྐོར་གྲོང་སྡེ་སོ་སོའི་མི་མང་ནང་བསམ་ཚུལ་བསྡུ་ལེན་བྱས་སྐབས། མི་མང་གིས་ཤེས་འཇོན་ལྡན་པའི་མི་སྣ་ས་གནས་འགོ་འཛིན་བྱེད་འོས་པ་རྣམས་ས་གནས་སུ་མེད་པ་སོགས་རྒྱུ་མཚན་དུ་བྱས་ནས་སླར་ཡང་ནང་སྲིད་ནས་ཤེས་འཇོན་ལྡན་ཞིང་ལས་དོན་ལ་ཧུར་ཐག་གནང་མཁན་གྱི་ས་གནས་འགོ་འཛིན་ཞིག་སྔར་རྒྱུན་བཞིན་བསྐོ་བཞག་དགོས་པའི་བསམ་ཚུལ་མང་ཆེ་བ་བྱུང་བར་སྤྱི་མི་རྣམས་ཀྱིས་སྤྱི་མོས་ཐག་གཅོད་བྱུང་ནས་ལས་ཁུངས་སུ་དེ་ལྟར་སྙན་ཞུ་ཕུལ་ཡོད་པ་རེད། ད་དུང་སྙན་ཞུའི་ནང་བཀའ་སྤྱི་གཉིས་ཀྱི་མཐོ་རིམ་མི་སྣ་ཆེད་ཕེབས་ཀྱིས་ས་གནས་སུ་ས་གནས་འཐུས་ཚོགས་འཛུགས་དགོས་པའི་རེ་སྐུལ་ཡང་འཁོད་ཡོད་པ་རེད་ཅེས་ཆུང་བདག་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་ཀྱི་སེ་ར་ཆོས་སྒར་དང་རྣམ་གྲོལ་གླིང་གིས་གཙོས་པས་དགོན་སྡེ་ཁག་ནི་གོང་གི་བསམ་ཚུལ་བསྡུ་ལེན་པའི་ནང་ཚུད་མེད་པ་རེད། སྤྱིར་བཏང་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱི་དུས་ཡུན་མ་རྫོགས་གོང་ནས་བརྗེ་པོ་མང་པོ་རྒྱག་གི་ཡོད་པར་བརྟེན། ལས་ཁང་གི་ལས་དོན་འཐུས་ཤོར་དུ་འགྲོ་ཡི་ཡོད་པར་མི་མང་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་དང། ས་གནས་འགོ་འཛིན་བརྟན་པོ་ཡོང་བར་ས་གནས་ནས་འོས་བསྡུ་བྱེད་པར་མི་མང་གིས་འདོད་མོས་མ་བྱས་པ་རེད། ས་གནས་འགོ་འཛིན་བརྗེ་ལེན་མང་པོ་བྱེད་ཀྱི་ཡོད་པས་ལས་ཁང་གི་ལས་དོན་འཐུས་ཤོར་འགྲོ་ཡི་ཡོད་མེད་སྐོར་ས་གནས་འགོ་འཛིན་ལས་ཐོག་པ་དགྲ་འདུལ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་“མི་མང་ལ་སེམས་ཁྲལ་ཡོད་པ་རེད། ཁོང་ཚོར་ཁག་ཡོད་པ་མ་རེད། ཡིན་ཡང་ས་གནས་ཀྱི་ལས་དོན་ཡོངས་རྫོགས་ནང་སྲིད་ཀྱི་བཀའ་བཀོད་ལྟར་འགྲོ་དགོས་ཀྱི་ཡོད་པས། ས་གནས་འགོ་འཛིན་ཡོད་ན་དམིགས་བསལ་བྱེད་རྒྱུ་ཡོད་པ་མ་རེད་ལ། མེད་ཀྱང་འཐུས་ཤོར་ནང་སྲིད་ཀྱིས་གཏོང་གི་མ་རེད། དེ་ལ་ཁྱད་པར་ཞིག་ཡོད་ཀྱི་མ་རེད་”ཅེས་གསུངས་སོང།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་ན་ས་གནས་འགོ་འཛིན་གྱི་དུས་ཡུན་ལོ་གསུམ་རེ་ཡིན་ཡང་ལུགས་ཟུང་བསམ་འགྲུབ་གླིང་དུ་ལོ་གཅིག་ཙམ་གྱི་ནང་ལ་ཡང་བརྗེ་པོ་རྒྱག་དགོས་བྱུང་མྱོང་ཡོད་པ་དང། ཕྱི་ལོ་༡༩༦༡ ལོའི་ཟླ་༣ ཚེས་༡ ནས་ད་ལོའི་ཟླ་རྗེས་མའི་ཚེས་༣༠ བར་ས་གནས་འགོ་འཛིན་ཐེངས་༢༡ བརྗེ་ལེན་བྱས་ཡོད་པ་རེད།།
མེ་སོར་གསར་འགོད་པས།

Share this:
༦༤ ཀློག་གྲངས།