བོད་མི་བསོད་ནམས་ཚེ་རིང་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།

དེ་ཡང་ལྷ་སའི་དགོང་དྲོའི་ཚགས་པར་ཐོག་གྱོད་ཡ་བསོད་ནམས་ཚེ་རིང་གི་ཧུར་རྩོན་ཆེན་པོས་རྡུང་གཅོག་འཕྲོག་བསྲེགས་ལས་འགུལ་ནང་ཞུགས་པ་དང༌། གཙོ་བོ་འགོ་འཁྲིད་ཀྱི་ནུས་པ་བཏོན་པ་དང༌། སྒོར་ཁྲི་བཞི་སྟོང་ལྷག་གི་དཔལ་འབྱོར་གྱོང་གུན་བཟོས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་༢༨༩ དང༌། དོན་ཚན་༢༦༣ གཏན་འབེབས་གཞིར་བཟུང་སྲོག་ཐོག་ཁྲིམས་ཆད་གཅོད་རྒྱུ་དང༌། ལོ་གཉིས་ནར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུ། ཚེ་གང་རིང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ། གྱོད་ཡ་བཀྲིས་ཆོས་སྒྲོན་དང༌། སྐལ་ཡོན། བཀྲ་གཡང༌། ཚེ་དབང་འགྱུར་མེད། ཡེ་ཤེས་མཚོ་མོ་བཅས་ནས་གྱོད་ཡ་བསོད་ནམས་ཚེ་རིང་འཇུ་བཟུང་བྱེད་རྒྱུའི་ཉེས་ཅན་པ་ཡིན་པ་ཤེས་བཞིན་དུ་འགེབས་སྲུང་བྱེད་ཡུལ་དང་རྒྱུ་དངོས་མཁོ་འདོན་བྱས་པ་དང་མ་ཟད། རྒྱལ་མཚམས་བརྒལ་ནས་ཕྱི་ལ་བྲོས་བྱོལ་འགྲོ་རྒྱུའི་གྲ་སྒྲིག་བྱས་པ་བཅས་འགེབས་སྲུང་གི་ཉེས་པ་བསགས་པས་ཉེས་ཁྲིམས་དོན་ཚན་༣༡༠ ནང་གསེས་དང་པོའི་གཏན་འབེས་ལྟར་ཁག་སོ་སོར་ལོ་༣ ནས་༧ བར་གྱི་དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་བཏང་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད་འདུག

བསོད་ནམས་ཚེ་རིང་ནི། རང་ལོ་༢༣ ལྷག་ཙམ་ཟིན་ཡོད་པ་དང༌། ཕ་མིང་ཚེ་རིང་བསམ་གྲུབ། མ་མིང་དབྱངས་སྐྱིད། སྐྱེས་ཡུལ་སྡེ་དགེ་དཔལ་ཡུལ་རྫོང་ར་ཆབ་ཤང་ར་ལྷ་རུ་ཆེན་གྱི་ས་མ་འབྲོག་གི་ས་ཁུལ་ནས་ཡིན་པ་དང༌། ཁོང་གི་ཁྱིམ་དུ་ཁྱོན་བུ་ལྔ་ཡོད་འདུག ཕྱི་ལོ་༢༠༠༧ ལོ་མཇུག་ཏུ་བསོད་ནམས་ཚེ་རིང་ཕ་ཡུལ་ནས་ལྷ་སར་གནས་མཇལ་དུ་ཡོང་རྗེས་ལྷ་སར་བསྡད། ལྷ་སར་ཡོང་རྗེས་སྡོད་གནས་ནི་ལྷ་ས་འོང་སྟོད་ཞིང་ཁའི་ཁུལ་དུ་ཡོད་པ་གཉེན་མཚན་བཀྲིས་ཆོས་སྒྲོན་ཟེར་བ་ཞིག་གི་ཁྱིམ་དུ་སྡོད་ཀྱི་ཡོད་ཅིང༌། བཀྲིས་ཆོས་སྒྲོན་ནི་ལྷ་སར་རྡོ་ཆས་འདྲ་མིན་གྱི་ཁྲོམ་བཏོན་མཁན་ཞིག་ཡིན་པ་དང༌། ཁོང་མོར་ཕྲུ་གུ་གསུམ་ཙམ་ཡོད་འདུག

བསོད་ནམས་ཚེ་རིང་༢༠༠༨ ཟླ་༣ ཚེས་༡༤ ཉིན་གྱི་སྐད་འབོད་ནང་ཞུགས་རྗེས། རྒྱ་ནག་གཞུང་གི་སྤྱི་བདེ་ཚན་པས་འཛིན་བཟུང་མ་ཐུབ་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཐིང་འཛིན་བཟུང་བཀའ་རྒྱ་ཨང་དང་པོར་བསོད་ནམས་ཚེ་རིང་གི་མིང་བཀོད་དེ་འཛིན་བཟུང་ཐུབ་ཚེ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང༌། ཁོང་མུ་མཐུད་ལྷ་སའི་ནང་ཡིབ་སྡོད་ཀྱིས་ཕྱི་ལོ་༢༠༠༩ ཟླ་༡༠ པའི་ཟླ་དཀྱིལ་བར་འཛིན་བཟུང་བྱ་ཐུབ་མེད་པ་དང༌། ཕྱི་ལོ་༢༠༠༩ ཟླ་༡༠ པའི་ཟླ་དཀྱིལ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་བསོད་ནམས་ཚེ་རིང་གྲྭ་བཞི་གྲོང་ལྷན་ཁག་ཅིག་ནས་སྐྱིད་རས་ཁུལ་ནས་འཇུས་ཟེར་ཁུལ་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་དང༌། དུས་མཚུངས་སུ་ཁོང་གི་ཕ་གཅིག་མ་གཅིག་གི་སྤུན་ཚེ་དབང་འཇིགས་མེད་གཞིས་རྩེ་ཁུལ་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཐིང་ཉེན་འགོག་རུ་ཆེན་གྱིས་འཛིན་བཟུང་བྱས་པ་དང༌། སྤུན་མཆེད་བཀྲིས་ཆོས་སྒྲོན་སོགས་ཀྱང་གནས་ཚུལ་དེ་དང་འབྲེལ་བའི་ཐད་ནས་རིམ་བཞིན་འཛིན་བཟུང་བྱས་ཡོད་པ་རེད།

བོད་ནང་ས་བྱི་ཞི་རྒོལ་བྱུང་རྗེས་ད་བར་བོད་མི་འཇུ་བཟུང་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བར་བོད་མི་༤༥༠ ལྷག་ཙམ་ལ་ཁག་སོ་སོར་ཚད་གཞི་མི་འདྲ་བའི་ཁྲིམས་ཆད་བཏང་ཡོད་པ་དང༌། དེའི་ཁྲོད་ནས་བསོད་ནམས་ཚེ་རིང་ནི་སྲོག་ཐོག་ཁྲིམས་ཆད་བཏང་བ་ཐེངས་བདུན་པ་དེ་ཆགས་ཡོད་པ་རེད༎

 

{jcomments on}

Share this:
༡༠༧ ཀློག་གྲངས།