གངས་རིའི་དར་ཆེན།

སྤྱིར་བཏང་གངས་དཀར་ཏི་སེ་འདི་ཉིད་ཆོས་ལུགས་ཁག་མང་པོ་ཞིག་གིས་གནས་རྩ་ཆེན་དུ་བརྩི་སྲོལ་ཡོད་པ་ལྟར། གཡུང་དྲུང་བོན་གྱི་ལུགས་ལྟར་ན་སྟོན་པ་རྗོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་ཞབས་བཅག་པའི་གནས་ཁྱད་པར་ཅན་ཞིག་སོགས་སུ་ངོས་འཛིན་སྲོལ་ཡོད། དེ་ཡང་དཔོན་གསས་ཐ་མི་ཐད་ཀས། ཀ་གདམས་ཡེ་ཤེས་རྒྱལ་མཚན་ལ་གདམས་པ་ལས།། “ཁྱེད་གསོན་དང་སྐལ་ལྡན་རྣལ་འབྱོར་པ།། སངས་རྒྱས་བསྟན་པའི་གཙོ་བོ་དེ།། གངས་ཅན་བོད་དུ་ཕེབས་ནས་ཀྱང་།། ཆུ་བཞི་འདུས་པའི་འགོ་བོ་ལ།། བོན་ཡང་རྣམ་པ་ལྔ་རུ་གསུངས།། དེ་ནས་གངས་དཀར་ཏི་སེ་ཡི།། ཤར་ལྷོ་ནུབ་བྱང་བཞི་རུ་བྱོན།། གསང་སྔགས་ཞི་ཁྲོ་སྤྱི་སྤུངས་བཤད།། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར།། བཀའ་རྟགས་ཞབས་རྗེས་བཞི་རུ་བཞག། །” ཞེས་དང་། དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་མཛད་པའི་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། མ་བརྩེགས་སྲིད་པའི་རི་བོ་ཆེན་པོ་བཞི། མ་བདལ་བྱུང་བའི་ཐང་ཆེན་པོ་བཞི། མ་བཀོད་འཁྱིལ་བའི་མཚོ་ཆེན་པོ་བཞི། རང་བྱུང་ཁྲུས་ཀྱི་སྒོ་མོ་ཆེན་པོ་བཞི། ་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི། མཆོག་ཏུ་བསྒྲུབ་པའི་གནས་ཆེན་པོ་བཞི། དྲག་པོ་དབལ་གྱི་རོང་ཆེན་པོ་བཞི། མི་འགྱུར་གླིང་གི་ཚལ་ཆེན་པོ་བཞི། རྫུ་འཕྲུལ་སྤྲུལ་པའི་གསང་ཕུག་ཆེན་པོ་བཞི། མི་འཇིགས་གཏམ་པའི་བྲག་ཆེན་པོ་བཞི། གཙུག་ལག་བོན་གྱི་གཏེར་ཆེན་པོ་བཞི། རིན་ཆེན་ནོར་གྱི་གཏེར་ཆེན་པོ་བཞི། ཁ་ལ་རག་ཆོག་གི་ཆུ་མིག་ཆེན་པོ་བཞི། ཐོར་པ་བོར་ཆོག་གི་དུར་ཁྲོད་ཆེན་པོ་བཞི། གོམ་པ་སྤོས་ཆོག་གི་གླིང་ཆེན་པོ་བཞི། སྨོན་ལམ་བཏབ་ཆོག་གི་ལམ་བཞི། གཞན་ཡང་གསང་བའི་སྦས་ཕུག་བཅུ་གསུམ། ལྷ་ཡི་ཁྲུས་ཆབ་བཅུ་གསུམ། སྐུ་གདུང་མཆོད་རྟེན་བཅུ་གསུམ། མི་འགྱུར་ས་རྟགས་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་གནས་གསུམ། མགོན་པོ་གསུམ་གྱི་གནས་གསུམ། ཡེ་ཤེས་རྫུ་འཕྲུལ་གྱི་ལས་བཞི། ” ཞེས་དང། བློ་ལྡན་གྱི་ལུང་བསྟན་ཟུར་བྱང་ལས། “འཛམ་གླིང་ལྟེ་བ་གངས་ཏི་སེ།། གང་མཇལ་སྐྱེ་བ་གསུམ་ནས་ཐར།། མ་པང་གཡུ་མཚོ་སྔོན་མོ་ལ།། གང་འཐུང་ཚེ་རབས་སྡིག་སྒྲིབ་སྦྱང།” ཞེས་གསུངས། མེ་རི་གྱད་ཕུར་གྱི་འཕྲིན་ལས་ལས། “ཏི་སེ་ཤེལ་གྱི་མཆོད་རྟེན་ནི།། མ་བརྩེགས་དཔངས་མཐོ་བོན་གྱི་རི།། མ་པང་གཡུ་མཚོ་མཎྜལ་ནི།། མ་རྐོས་གཏིང་ཟབ་ཁྲུས་ཀྱི་མཚོ།། སྤོས་རི་ངད་ལྡན་སྒྲུབ་གནས་ནི།། ཉམས་དགའ་ཡིད་འོང་བཞུགས་པའི་གནས།། རི་བོ་དེ་ཡི་ཕྱོགས་བཞི་ལ།། འཁྱིལ་བའི་མཚོ་བཞི་མེ་རེ་རེ།། གཅིག་ནི་གུང་རྒྱུད་དངུལ་མོ་མཚོ།། གཅིག་ནི་མ་པང་གཡུ་མོ་མཚོ།། གཅིག་ནི་ལ་ངག་གསེར་མོ་མཚོ།། གཅིག་ནི་ཟོམ་ཤང་ལྕགས་མོ་མཚོ།། མ་པང་མཚོ་ཡི་ཕྱོགས་བཞི་ལ།། འབབ་པའི་ཆུ་བཞི་ཐ་ལ་ལ།། “ ཞེས་སོགས་ཤིན་ཏུ་མང་ངོ་།།

 

Share this:
༦༩ ཀློག་གྲངས།