རྒྱུད་སྨད་དུ་གསར་འཛུགས་གངས་ཅན་རིག་གནས་སློབ་གྲྭའི་གསལ་བསྒྲགས།

དེ་ཡང་ཕྱི་ལོ་ ༢༠༠༧ གྱི་ལོ་འགོར་ལྷར་བཅས་འགྲོ་བའི་མགོན་པོ་གངས་ཅན་ལྷ་གཅིག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧུན་སུར་གཞིས་སྒར་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་སྟེ། འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་དམ་ཆོས་འདུད་བརྩིའི་སྦྲང་ཆར་ཕབ་ཏེ། གདུལ་བྱའི་རྨོངས་མུན་ཚ་གདུང་སེལ་བའི་སྐལ་བཟང་དགའ་སྟོན་གྱིས་ཡིད་རབ་ཚིམ་པར་མཛད་ཅིང། དེའི་ཚེ་ན་གྲྭ་ཚང་འདི་ཉིད་ཀྱི་ན་གཞོན་སློབ་གཉེར་བའི་དེ་སྔའི་སློབ་ཁང་ཅུང་ཆུང་སྟབས་ཀྱིས། སློབ་སྤྱི་རྗེས་མའི་སྐབས་སློབ་ཁང་ཆེ་ལེགས་ཤིག་གསར་རྒྱག་ལེགས་པར་ཟིན་པའི་སྒོ་དབྱེའི་མཛད་སྒོ་དང་རབ་གནས་བྱིན་འབེབས་བཅས་སུ་སྤྱན་དྲངས་ཏེ་ཆིབས་བསྒྱུར་བཀའ་དྲིན་ཆེ་བ་དང།
དེ་དང་ཆབས་ཅིག ཐུགས་དགྱེས་མཉེས་ཆེན་པོས་དམིགས་བསལ་གྱི་ལམ་སྟོན་བཀའ་སློབ་ཟབ་ནན་ཞིག་སྤྱི་ཕེབས་དགོངས་དོན། གྲྭ་ཚང་གི་དགེ་འདུན་པས་བསླབ་པ་སློབ་གཉེར་བྱེད་པ་གཅིག་པུ་ཙམ་མ་ཡིན་པར། བོད་ཀྱི་ནང་ཆོས་ཐོག་སློབ་སྦྱོང་བྱ་ཡུལ་བསྟི་གནས་ཤིག་འཛུགས་སྐྲུན་གྱིས་ཆོས་ཀྱི་ཞབས་འདེབས་ཞུ་གལ་ཆེ་སྐོར་ལམ་སྟོན་བཀའ་སློབ་ཟབ་མོ་སྤྱི་ཕེབས་མཛད་ཡོད་པ་རེད།

དེ་ལྟའི་བཀའ་སློབ་ཟམ་མོའི་དགོངས་དོན་ལ་གྲྭ་ཚང་གི་མཁན་བླ་ལས་སྣེས་དབུས་འབྲེལ་ཡོད་སློབ་སྤྱི་དང་དགེ་རྒན་སོགས་ནས་དགའ་དད་སྤྲོ་བ་ལྷག་པར་འཕེལ་བའི་ངང་༼གངས་ཅན་རིག་གནས་སློབ་གྲྭ༽ཞེས་པའི་སློབ་གྲྭའི་མིང་བྱང་འདི་ཡང་སྤྱི་ནོར་༧གོང་ཆེན་པོས་བརྩལ་པ་ལྟར་སློབ་གཉེར་ཁང་འདི་བཞིན་གསར་འཛུགས་བྱ་རྒྱུར་ཐག་གཅོད་གཙང་ལེགས་ཞུས་ཏེ། དེ་འཕྲལ་དད་གསུམ་མེ་ཏོག་བཞད་ཅིང་གཏོང་ཕོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་སྦྱིན་བདག་ཁག་ལ་ཆོས་འབྲེལ་ཞུས་ཤིང། ཨར་ལས་སོགས་ལས་གཞི་ཁག་ཉེར་བར་བསྡོམས་ནས་བཟུང། ད་ཆ་ཕྱི་ལོ་ཉིས་སྟོང་བཅུ་འདི་ནང་འཛིན་ཁང་ཁག་དང། གཟིམ་བཞུགས་ཁང། (HOSTEL) སོགས་ཉེ་བར་མཁོ་བའི་མཐུན་རྐྱེན་རྣམས་མི་དམན་པར་གོ་སྒྲིག་ལེགས་ཟིན་ཡོད།
དེར་བརྟེན་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༤ ཚེས་༢༨ གཟའ་སྐར་དགེ་བའི་ཉིན་འདི་གའི་དགེ་འདུན་སྐུ་བགྲེས་རྣམ་པས་རབ་གནས་བསྡུས་པ་རྟ་ཐོག་མ་དང་འབྲེལ་ས་གནས་སུ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ལས་ཟུར་རྣམ་པ་དང། ས་གནས་འགོ་འཛིན་སོགས་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་སྐུ་མགྲོན་དུ་བསུས་ནས་རབ་གནས་ཀྱི་རྟེན་འབྲེལ་མཛད་སྒོ་མདོར་བསྡུས་ཤིག་བསྐྱངས་རྗེས། རྟེན་ཅིང་འབྲེལ་བར་འབྱུང་བའི་གནད་དམ་པ་དམིགས་ནས་དེའི་ཉིན་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ཞི་བསིལ་ཕན་བདེ་སྟེར་པའི་ཆོས་ཚུལ་དམ་པའི་ཆོས་ཀྱི་ངོ་སྤྲོད་གནང་ཡོད་པ་དང། དེ་ཚེས་༢༩ ཉིན་ཧུན་སུར་རབ་རྒྱས་གླིང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་པའི་སྐལ་བཟང་དགའ་སྟོན་གྱིས་ཡིད་མགུ་བར་བྱས། ཚེས་ ༣༠ ཉིན་གྲྭ་ཚང་དང་ཉེ་འདབས་སྦྲེལ་བ་སྤེལ་ཀོར་བོད་ཁྱིམ་སློབ་ཕྲུག་ཕོ་མོ་ངོ་གྲངས་ལྔ་བཅུ་སྐོར་ལའང་དམ་ཆོས་བདུད་རྩིའི་ཆར་ཆེན་ཕབ་སྟེ། ན་གཞོན་དེ་དག་གི་རྒྱུད་ལ་ཐར་པའི་ས་བོན་གྲུང་པོར་བསྐྲུན་པའི་ལེགས་ཚོགས་ཀྱི་དཔལ་ཡོན་བཞད་པར་བྱས། དེང་འདིར་ཡང་སློབ་གཉེར་ཁང་འདི་ཉིད་ནས། ས་གནས་གཞིས་སྒར་གྱི་ཉིན་སློབ་(C.S.T. GURUPURA.) ཀྱི་དབྱར་ཁའི་གུང་སེང་རིང་རང་སྦྱོང་ཚུགས་ཆེད་འབྲེལ་ཡོད་ཕ་མའི་ལྷན་ཚོགས་དང་མཉམ་རུབ་ཐོག་གྲྭ་ཚང་གི་སློབ་གཉེར་ཁང་གསར་པའི་ནང་སློབ་ཕྲུག་ཚོར་རང་སྦྱོང་དུ་རིགས་ལམ་དང། བོད་ཀྱི་རིག་གནས། རྒྱལ་རབས་ཆོས་འབྱུང་བཅས་ཀྱི་རང་སྦྱོང་སྤྲོད་བཞིན་པ་ཡིན་པས། རང་ཅག་བོད་ཀྱི་ལུགས་གཉིས་ཀྱི་སོན་རྩ་ན་གཞོན་དེ་དག་གི་ཤེས་བྱ་རིག་པའི་གནས་ཚད་གོང་མཐོར་སྤེལ་བའི་ཆ་རྐྱེན་ནམ་ཞབས་འདེགས་ཅུང་ཟད་ཙམ་ཞིག་སྐྲུན་ཐུབ་པའི་རེ་འདུན་མཆིས། ལྷག་པར་རིང་པོ་མི་ཐོགས་པར་འདི་ལོ་ཕྱི་ཟླ་བདུན་པ་ཙམ་ནས་ནང་ཆོས་ཀྱི་སློབ་ཚན་སོ་སོའི་འཛིན་གྲྭ་དངོས་གཞི་ཚུགས་འཆར་ཡོད་པས། བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་གཞན་ཡང་ཕྱི་རྒྱལ་བ་སོགས་ཕྱི་ནང་མི་རིགས་དང་ཕོ་མོ་སོགས་ཀྱི་རྣམ་དབྱེ་མེད་པར་ནང་ཆོས་དང་བོད་ཀྱི་རིག་གནས་སོགས་ལ་སློབ་གཉེར་གནང་འདོད་ཡོད་པ་སུ་ཡང་འཛུལ་ཞུགས་གནང་ཆོག་པ་ཡིན།

འོན་ཀྱང་སློབ་གཉེར་ཁང་འདིར་འཛུལ་ཞུགས་ཀྱི་ཆ་རྐྱེན་ནམ་སྒྲིག་གཞི། སློབ་ཚན། དུས་ཡུན་སོགས་མཁྱེན་རྟོགས་དགོས་རིགས་གཞན་རྣམས་གཤམ་གསལ་དྲ་རྒྱའི་ཐོག་འགོད་འབུལ་ཞུ་བཞིན་ཡོད་པས། དེར་གཟིགས་ཏེ་འདི་གར་འབྲེལ་བ་ངེས་གནང་ཡོད་པ་ཞུ། རྒྱུད་སྨད་སློབ་གཉེར་ཁང་གི་ཡིག་ཚང་ནས་ཕྱི་ལོ་ ༢༠༡༠ ཟླ་བ་ ༥ ཚེས་ ༡༨ ལ་ཕུལ།
འབྲེལ་བ་གནང་ཡུལ།
སྤྱི་རྒན་བློ་བཟང་དམ་ཆོས། ལས་དྲུང་ཨོ་རྒྱན།
ཞལ་བྱང།
Principal/ Secretary
Gyadmed Tantric Monastic School
P. O Gurupura-5711188
Karnataka State
Indis
ཞལ་པར་ཨང། +91-8222-246038
ཨི་མེལ་ཁ་བྱང། gtmstt@yahoo.co.in
www.gyudmedschool.org
www.gyudmedschool.com

Share this:
༡༠༨ ཀློག་གྲངས།