༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བཞེས་ཀྱི་དུས་དྲན་སྲུང་བརྩི།

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ཧྲིལ་པོ་ ༢༨ འཁོར་བའི་དུས་དྲན་ཉིན་མོ་ཡིན་པས།  དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་དུ་གཞུང་འབྲེལ་གྱིས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་གཞུང་འཛིན་ཚོགས་པའི་ BJP འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ཤར་མ་ Ram Swaroop Sharma ཕེབས་ཡོད་པ་རེད།

ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏོང་བཞིན་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས། བོད་ཀྱི་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་བཏང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་ལྔ་ལ་ཞབས་ལོ་༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་། བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་ལ་རྗེས་དྲན་ལེགས་གསོལ་ཕྱག་འཁྱེར་གནང་ཡོད་པ་རེད།

དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ Ram Swaroop ཀྱིས་གསུང་བཤད་གནང་། སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་བཀའ་ཤག་གི་གསུང་བཤད་དང་། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྤྱི་འཐུས་ཀྱི་གཏམ་བཤད་སྒྲོགས་སྦྱང་གནང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་གཞུང་འཛིན་ཚོགས་པའི་ BJP འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ཤར་མ་ Ram Swaroop Sharma ཡིས་གསུང་བཤད་གནང་སྟེ་གཞུང་འབྲེལ་དུས་དྲན་སྲུང་བརྩི་མཇུག་བསྒྲིལ་ཡོད་པ་རེད།

བཀའ་ཤག་གི་གཏམ་བཤད་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཕྱིར། སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད་པ་ལྟར་སྐུ་ངལ་ལ་མ་འཛེམས་པར་འཛམ་གླིང་གི་ཡུལ་གྲུ་དུ་མ་༸ཞབས་ཀྱིས་བཅགས་ཏེ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཆེད་ཆོས་ལུགས་ལ་མ་བརྟེན་པའི་བྱམས་པ་དང་། སྙིང་རྗེ། བཟོད་སྲན། གཞན་ཕན། ལྷག་བསམ་སོགས་རང་རྒྱུད་ལ་འཇགས་ཐབས། དེ་ཡང་གཙོ་བོར་མི་མང་དཀྱུས་མ་དང་། ལྷག་པར་གཞི་རིམ་དང་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་མི་རབས་གསར་པའམ་གཞོན་སྐྱེས་ཚོ་དམིགས་བསལ་གལ་ཆེར་བརྩི་གནང་གིས་བཟང་སྤྱོད་དེ་དག་སྤྱི་ཚོགས་ཁྱོན་ཡོངས་ལ་སློབ་སྤེལ་ཡོང་ཆེད་དང་། དེ་བཞིན་རྡུལ་ཕྲན་མཚོན་ཆ་དང་དམག་འཁྲུག་མེད་པའི་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་དང་ཐུགས་ཁུར་ཧ་ཅང་ཆེན་པོ་མཛད་བཞིན་པ་ནི་ཀུན་གྱི་བསྔགས་འོས་སུ་གྱུར་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན་ཞེས་༧གོང་ས་མཆོག་གི་མཛད་འཕྲིན་ཆེ་ཁག་འཁོད་ཡོད་པ་རེད།

བོད་ཀྱི་གནས་བབས་སྐོར་དང་འབྲེལ་ནས་འཁོད་དོན། བོད་ཀྱི་གནད་དོན་ལ་མཚོན་ནའང་ཐོག་མར་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བཟུང་གནས་སྟངས་ཛ་དྲག་ཆེ་ཆུང་ལ་མ་ལྟོས་པར་འཚེ་མེད་ཞི་བ་དང་། བཟོད་སྲན། ཕན་ཚུན་གཉིས་ཕན་གཙོ་བཟུང་གིས་གྲོས་མོལ་གྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་དང་། དེ་བཞིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་སོགས་རྩོད་རྙོག་ཇི་ཡོད་རྣམས་ཀྱང་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་། འགྲོ་བ་མི་ཙམ་མ་ཡིན་པར་སའི་གོ་ལའི་སྣོད་བཅུད་དང་སྐྱེ་ཁམས་ཡོངས་ལ་འཚེ་བ་སྤོང་དགོས་པའི་ཀུན་ཁྱབ་སེམས་ཁུར་གྱི་ལྟ་གྲུབ་ལམ་སྟོན་གནང་ཐོག རང་ནུས་ཇི་ཡོད་ཀྱིས་གནད་དོན་དེ་དག་གི་ཐོག་ནུས་པ་འདོན་སྤེལ་མཛད་ཅེས་༧གོང་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་སྐོར་སོགས་འཁོད་ཡོད་པ་རེད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་འབྲེལ་ནས་འཁོད་དོན། ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་ཞུ་ཡི་ཡོད། འོན་ཀྱང་བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ་དེ་དག་ལས་སྐྱོབ་ཐབས་གནང་དགོས་པ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་ནང་དྲང་བདེན་དང་རང་དབང་ལ་དགའ་བའི་གཞུང་མང་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

བོད་ཀྱི་འཐབ་རྩོད་དང་འབྲེལ་ནས་འཁོད་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོ་སོའི་ནང་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་གསལ་བཀོད་ཡོད་པ་ལྟར་བོད་མི་ཚོས་ཁྲིམས་མཐུན་དང་། ཞི་བའི་སྒོ་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྤེལ་དང་མངོན་འདོད་བཏོན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་སོགས་བྱེད་པའི་གནས་སྟངས་ཡོད་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན། ལྷག་པར་དུ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལ་མོས་མཐུན་མེད་པར། བོད་ལ་རང་དབང་དགོས་པ་དང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་བོད་རྒྱ་ཆེ་མི་མང་གི་མངོན་འདོད་ཁག་གསལ་འདོན་བྱ་ཆེད་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་༡༥༠ ཐམ་པས་རང་ལུས་མེར་བསྲེགས་གནང་ཡོད་ཁོངས་ནས་ ༡༢༨ འདས་གྲོངས་སུ་ཕྱིན་ཡོད་ཅེས་འཁོད་འདུག

བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་མཉམ་གྲོས་མོལ་དགོས་སྐོར་འཁོད་དོན། རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་བོད་མིའི་ཐོག་དྲག་གནོན་དང་གཡོན་ཐལ་གྱི་སྲིད་བྱུས་རིམ་པ་ལག་བསྟར་དང་། ཕྱོགས་གཞན་ནས་དཔལ་འབྱོར་ལྷུག་གཏོང་གི་སྲིད་བྱུས་ཤིག་ཀྱང་འཛིན་ཁུལ་བྱེད་ཀྱི་ཡོད་ནའང་བོད་མི་ཚོའི་བློ་སེམས་ནམ་ཡང་འགུག་ཐབས་བྲལ་བ་ཞིག་ཡིན། དེས་ན་རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་མཐུད་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ནན་བརྗོད་བྱེད་རྒྱུ་ཡིན་ཞེས་ད་ལྟ་བོད་ནང་གནས་སྟངས་སྐོར་འཁོད་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་ནང་འཁོད་དོན། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་ཅིང་། དེ་ཡང་༸མགོན་པོ་མཆོག་གི་གཞན་ཕན་གྱི་མཛད་པ་འཕྲིན་ལས་སྤྱི་དང་། ཡང་སྒོས་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ། ནང་པའི་ཆོས་ཀྱི་བསླབ་བྱ་ཟབ་མོ་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་དང་། དེ་བཞིན་འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ལ་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་འབྱུང་ཐབས་སུ་རྨད་བྱུང་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱི་ཡིད་དབང་ཕྲོགས་ཏེ། སྙན་གྲགས་ཅན་གྱི་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་ཡོད་ཅེས་འཁོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་དང་བོད་དོན་རྒྱབ་སྐྱོར་སྐོར་འཁོད་དོན། བོད་ཀྱི་འཐབ་རྩོད་འདི་ཡང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། འདི་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཛཡེཊ་ཨལ་ཧུའུ་སན་ (Zeid Ra’ad Al Hussein) མཆོག་ནས་རྒྱལ་སྤྱིའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་གནང་བ་ཙམ་མ་ཟད། སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་མཆོག་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་རྣམ་གཉིས་ཀྱི་གནད་དོན་གཙོར་བཟུང་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གླེང་སློང་ཤུགས་ཆེར་གནང་ཡོད། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་བཙོན་ཁང་ནང་དུ་འདས་གྲོངས་སུ་ཕྱིན་པའི་སྐོར་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་འདས་རྐྱེན་སྐོར་བཅས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་དང་སྦྲགས། ཨ་རི། ཨིན་ཡུལ། ཡུ་རོབ། སུད་ཛི་ལནྜི། འཇར་མི་ནི་བཅས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འབད་བརྩོན་སྔར་ལྷག་གནང་དགོས་པའི་རེ་འདུན་ཡང་བཏོན་ཡོད་ཅེས་བོད་ནང་རྒྱ་ནག་གི་དབང་བསྒྱུར་སྐོར་དང་བོད་མིའི་ངོ་རྒོལ་ལས་འགུལ་སྐོར་སོགས་འཁོད་འདུག

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༨༧ ཀློག་གྲངས།