ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་དྲན་ཉིན་གྱི་སྤྱི་འཐུས་ཀྱི་གཏམ་བཤད།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་མོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་། བླང་དོར་ལམ་སྟོན་པ། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་བཞེས་མཛད་དེ་མི་ལོ་ ༢༨ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན། ༸མགོན་པོ་གང་གིས་མཐའ་ཡས་སྐྱེ་འགྲོ་ཀུན་ལ་ཕན་བདེའི་འཕྲིན་ལས་འདོད་རྒུ་ཆར་དུ་བསྙིལ་བའི་གསང་གསུམ་གྱི་མཛད་འཕྲིན་གཞལ་དུ་མེད་པ་བསྐྱངས་དང་སྐྱོང་བཞིན་པར་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་ཅིང་། དེ་ཡང་༸མགོན་པོ་མཆོག་གི་གཞན་ཕན་གྱི་མཛད་པ་འཕྲིན་ལས་སྤྱི་དང་། ཡང་སྒོས་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ། ནང་པའི་ཆོས་ཀྱི་བསླབ་བྱ་ཟབ་མོ་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་དང་། དེ་བཞིན་འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ལ་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་འབྱུང་ཐབས་སུ་རྨད་བྱུང་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱི་ཡིད་དབང་ཕྲོགས་ཏེ། སྙན་གྲགས་ཅན་གྱི་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་ཡོད།

ཕྱི་ལོ་ ༢༠༡༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨིན་ཡུལ་དང་། འཇར་མི་ནི། ཨི་ཊ་ལི། ལ་ཏིཝི་ཡ་བཅས་ཡུ་རོབ་རྒྱལ་ཁབ་ཁག་བཞི་དང་རྒྱལ་ས་ལྡི་ལིས་གཙོས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་དང་། དེ་ནས་ཨི་ཊ་ལིར་ཆིབས་བསྒྱུར་སྐབས་བཀའ་སློབ་བསྩལ་བར་འགྲོ་བ་མིའི་རྩོད་རྙོག་རྐྱེན་པས་འཚེ་བ་བརྒྱུད་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་དང་ཁོར་ཡུག་གི་གནས་སྟངས་ཀྱང་ཉམས་ཆག་འགྲོ་བཞིན་ཡོད། ང་ཚོས་དུས་རབས་ཉེར་གཅིག་འདི་བཞིན་བཟོད་བསྲན་དང་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་དུས་རབས་ཤིག་ཆགས་རྒྱུར་འབད་བརྩོན་གནང་དགོས། དེ་ལྟར་ཡོང་བར་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་མ་འདང་བའི་ཆ་ཞིག་ཡོད་པར་བརྟེན། དེང་དུས་ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་ང་ཚོའི་སེམས་ཚོར་དང་འབྲེལ་བ་ཡོད་སྟབས། བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་གོ་རྟོགས་སྤེལ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། དེ་བཞིན་མང་ཚོགས་ནས་བྱམས་བརྩེ་ཉམས་ལེན་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་འབོད་སྐུལ་ཡང་གནང་ཡོད། ད་དུང་སེམས་ཀྱི་ཞི་བདེ་ཡོང་ཁུངས་ངོ་མ་ནི་བྱམས་བརྩེ་དང་སྙིང་རྗེ་ཡིན་ལ། བྱམས་བརྩེ་ནི་རང་དང་སེམས་ཐག་ཉེ་པོ་ཡོད་པ་ཁོ་ནར་མིན་པར་འགྲོ་བ་སྤྱི་དང་། ལྷག་པར་སོ་སོའི་དགྲ་བོ་ཡིན་ནའང་བྱམས་བརྩེའི་བློ་སྐྱེད་དགོས་པ་ནི་འགྲོ་བ་མིས་གནང་ཐུབ་པ་ཞིག་ཡིན་སྐོར་བཀའ་སློབ་ཕེབས་ཡོད། ད་ལམ་ཨི་ཊ་ལི་ནང་དུའང་ཁོང་གི་ཕྱག་བསྟར་གནང་བཞིན་པའི་འཛམ་གླིང་ཞི་བདེ་དང་དྲང་བདེན། དེ་བཞིན་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་དང་སྐྱོང་བཞིན་པ་བཅས་ལ་འཚེ་མེད་ཞི་བའི་དེད་དཔོན་གྱི་གཟེངས་རྟགས། ཆེ་བསྟོད་ཕྱག་ཁྱེར། ཆེ་བསྟོད་མི་སེར་གྱི་མཚན་གནས་གཟེངས་རྟགས་བཅས་འབུལ་ལམ་ཞུས་ཡོད།

ཕྱི་ལོ་ ༢༠༡༧ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཉེན་སྲུང་ཚོགས་པ་ ICAN ཞེས་པར་ཐོབ་ཡོད་ལ་འཛམ་གླིང་ཁྱོན་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཆེད་ད་བར་མུ་མཐུད་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། དེང་སྐབས་འཛམ་གླིང་གི་གནས་སྟངས་ཇི་འདྲ་ཞིག་ཏུ་འགྱུར་མིན་ཐད་ངེས་གཏན་གང་ཡང་མེད་པ་མ་ཟད། ས་ཕྱོགས་གང་སར་ལྷིང་འཇགས་མེད་པའི་གནས་སྟངས་འདིའི་འོག་ཁོང་རྣམ་པའི་ལས་འགན་ནི་ཛ་དྲག་གི་དགོས་མཁོ་ཆེན་པོ་ཞིག་ཏུ་ཆགས་ཡོད་ལ། དེ་བཞིན་ཆོད་སེམས་བརྟན་པོས་འབད་བརྩོན་གནང་བའི་སྙིང་སྟོབས་བཅས་ལ་ངོས་འཛིན་གསལ་པོ་གནང་སྟེ་གཟེངས་རྟགས་གནང་བ་ཞིག་ཡིན་སྟབས། ང་ཚོས་ཀྱང་ཚོགས་པ་དེའི་མཛད་བཟང་ལ་རྗེས་སུ་ཡི་རངས་ཀྱིས་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་བཞིན་བོད་ཀྱི་འཐབ་རྩོད་འདི་ཡང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། འདི་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཛཡེཊ་ཨལ་ཧུའུ་སན་ (Zeid Ra’ad Al Hussein) མཆོག་ནས་རྒྱལ་སྤྱིའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་གནང་བ་ཙམ་མ་ཟད། སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་མཆོག་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་རྣམ་གཉིས་ཀྱི་གནད་དོན་གཙོ་བཟུང་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གླེང་སློང་ཤུགས་ཆེར་གནང་ཡོད། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་བཙོན་ཁང་ནང་དུ་འདས་གྲོངས་སུ་ཕྱིན་པའི་སྐོར་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་འདས་རྐྱེན་སྐོར་བཅས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་དང་སྦྲགས། ཨ་རི། ཨིན་ཡུལ། ཡུ་རོབ། སུད་ཛི་ལནྜི། འཇར་མི་ནི་བཅས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འབད་བརྩོན་སྔར་ལྷག་གནང་དགོས་པའི་རེ་འདུན་ཡང་བཏོན་ཡོད།

རྒྱ་གཞུང་གིས་ཕྱི་ཕྱོགས་འདྲ་ཆགས་པོའི་རྣམ་འགྱུར་བསྟན་ཡང་དོན་དུ་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ (Human Rights Watch) སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བཟོ་བཞིན་ཡོད་པ་གསལ་འདོན་གནང་ཡོད་ལ། དེ་དང་ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདི་ལོར་ཆོས་དད་རང་དབང་གི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོར། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་ཆོས་ཞུགས་རབ་བྱུང་ཕོ་མོ་རྣམས་ཀྱི་རྒྱུན་ལྡན་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་བསུན་གཙེར་བཟོ་བཞིན་ཡོད་སྐོར་ཞིབ་ཕྲ་གསལ་འདོན་གནང་བ་ནས་གསལ་པོ་ཤེས་རྟོགས་ཐུབ་ངེས། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུལ་ཕོངས་མྱུར་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་འགན་འཛིན་སྐུ་ཞབས་ཕི་ལིབ་ ཨལ་སཊོན་ (Professor Philip G Alston) མཆོག་ནས་ཉེ་སྔོན་རྒྱ་ནག་དང་བོད་བཅས་ལ་དངོས་ཡོད་གནས་སྟངས་ཇི་ཡིན་ཤེས་རྟོགས་སླད་གཟིགས་ཞིབ་དོ་ནན་གནང་ཡོད་ལ། ད་ལྟའི་ཆར་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ལ་ཉམ་ཐག་དབུལ་ཕོངས་ཀྱི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། ད་དུང་དེ་ལས་ལྡོག་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་འཁོད་སྙོམས་མེད་པ་དང་ཧ་ཅང་ཞན་པོ་ཡོད་པ་ངོས་འཛིན་ཐེར་འདོན་གནང་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ནང་རྒྱ་ནག་དམར་ཤོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཟེར་བའི་སྐབས་ ༡༩ པའི་ཚང་འཛོམས་གྲོས་ཚོགས་དེས་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ཅུས་ཟེར་བའི་ཨུ་ཡོན་དང་། དབུས་ཆབ་སྲིད་ཚན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཅས་འདེམས་བསྐོ་བྱས་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱི་མིང་དང་བསམ་ཚུལ་ཏང་གི་སྒྲིག་ཡིག་ནང་དུ་བཀོད་ཆོག་པར་བྱས་པ་ནི། འདས་པའི་ལོ་རབས་ནང་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ཟེར་བ་ནང་བཞིན་ཚོགས་ཆེན་འདི་བརྒྱུད་དེ། སྲིད་འཛིན་ཞི་ཅིན་ཕིན་གྱི་གོ་གནས་དང་དབང་ཚད་བླ་ན་མེད་པ་ཆགས་ཡོད། སྐབས་དེར་མཐའ་འཁྱོངས་བཅུ་བཞི་དྲངས་པའི་ནང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཟེར་བ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཟེར་བ་སོགས་ཀྱིས་བཟང་ཕྱོགས་ཀྱི་ཟུར་ཞིག་མངོན་ཡོད་པས། རྒྱ་ནག་ནང་དང་ལྷག་པར་བོད་རྒྱའི་གནད་དོན་ཐད་ལའང་དེའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འབྱུང་རྒྱུར་རེ་བ་རྒྱག་མི་ཆོག་པ་མིན་སྟབས། སྲིད་འཛིན་ཞི་ཅིན་ཕིན་གྱི་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཆེ་མཐོང་འབྱུང་ཐབས་དང་། ལྷག་པར་བོད་མི་རིགས་ཀྱི་མངོན་འདོད་ལ་བདག་བཟུང་གིས་དཀའ་རྙོག་སེལ་ཐབས་གནང་དགོས་པ་གལ་ཆེ་བའི་གནད་དོན་ཆགས་ཡོད།

ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ནས་བཟུང་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་ཁྲོད་མི་རབས་གསར་པ་ཚོས་སྣེ་ཁྲིད་པའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་དང། ལྷག་པར་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་དང་། འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་དཀར་མཛེས་རྫོང་ཐོག་ཏུ་དགེ་འདུན་པ་བསྟན་དགའ་ལགས་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གྱིས་བོད་ལ་རང་དབང་དགོས་ཞེས་དགོས་འདུན་བཏོན་ཡོད། དེ་རྗེས་ཁོང་འདས་གྲོངས་སུ་གྱུར་འདུག ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་མི་གྲངས་ ༡༥༠ ཡིས་རང་གི་རྩ་ཆེའི་སྐུ་ལུས་མེར་བསྲེགས་ཀྱིས་བློས་གཏོང་ཆེན་པོ་གནང་དགོས་བྱུང་བ་དེ་དག་ནི་རྒྱ་གཞུང་གིས་བོད་མིར་ནོར་འཁྲུལ་ཅན་གྱི་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་ཚད་ལས་འདས་པའི་བརྡལ་བཤིག་བཏང་དྲགས་པའི་ཉེར་ལེན་གྱིས་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། དེ་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་གཞུང་གི་འགོ་ཁྲིད་ཚོས་འགན་འཁུར་དགོས་པའི་དྲན་སྐུལ་ནན་ཏན་བྱ་རྒྱུ་ཡིན།

བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་བཞིན་ཤེས་རྟོགས་དཀའ་བ་དང་འདི་ལོའི་ནང་རྒྱ་ནག་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་ཟེར་བའི་ཚོགས་འདུའི་སྔ་རྗེས་སྐབས་བོད་ནང་ལ་མང་ཚོགས་ཀྱི་ཁ་པར་བརྒྱུད་དྲ་རྒྱ་བཀོལ་སྤྱོད་བྱ་རྒྱུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ (Freedom House) “ཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་།” ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། རྒྱ་ནག་གཞུང་གིས་དྲ་རྒྱའི་རང་དབང་ཐོག་བརྩི་མེད་རྡོག་རོལ་བཏང་སྟེ་ལོ་གསུམ་བསྟུད་མར་འཛམ་གླིང་ནང་དྲ་རྒྱའི་རང་དབང་ལ་དམ་དྲག་བྱེད་མཁན་ཆེས་སྡུག་ཤོས་ཀྱི་གྲས་སུ་བཞག་ཡོད། སྙན་ཐོའི་ནང་རྒྱ་གཞུང་གིས་དེ་སྔ་ནས་དྲ་རྒྱའི་བཀོལ་སྤྱོད་ཐོག་དམ་དྲག་བྱེད་མུས་ཁར་ཉེ་ལམ་དྲ་རྒྱའི་ཁྲིམས་སྒྲིག་གསར་བཟོ་བརྒྱུད་དམ་དྲག་སྔར་ལྷག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་བཏོན་གནང་འདུག དེ་བཞིན་བོད་ནང་ལ་མང་ཚོགས་ཀྱི་ཁ་པར་བརྒྱུད་དྲ་རྒྱ་བཀོལ་སྤྱོད་བྱ་རྒྱུར་བཀག་སྡོམ་ཡང་ནས་ཡང་དུ་བྱེད་མུས་ཡིན་པར་ནན་བརྗོད་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༤ ཙམ་ནས་དགོངས་བཞེས་ཀྱིས་བོད་རྒྱ་གཉིས་དབར་ཞི་འགྲིག་ཡོང་ཐབས་སུ་ལྷག་བསམ་རྣམ་དག་གིས་གཉིས་ཕན་དབུ་མའི་ལམ་རྒྱུན་སྐྱོང་མཛད་པ་དང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ནས་གྲོས་ཆོད་ཀྱིས་ལམ་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་ཞེས་པ་ནི་ཁ་བྲལ་མིན་པ་གསལ་པོ་ཤེས་བཞིན་དུ། རྒྱ་ནག་གཞུང་གིས་དུས་སྐབས་ནམ་བྱུང་ལ་ཁ་བྲལ་བ་ཞེས་ཡང་ནས་བསྐྱར་དུ་བཤད་དེ། འདི་ལོར་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ནས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་དག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ན་གུ་ཡངས་ནམ་ཡང་མེད་པའི་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་པར་ཡོངས་གྲགས་བྱས་ཡོད་ཀྱང་། རྒྱལ་སྤྱིའི་ནང་རྒྱ་གཞུང་གི་དཔལ་འབྱོར་གྱིས་གནོན་ཤུགས་ཐེབས་པའི་རྒྱལ་ཁབ་འགས་ལག་བསྟར་བྱེད་སྲིད་ཀྱང་སྟོབས་ཆེན་རྒྱལ་ཁབ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ལ་གལ་ཆེར་བརྩི་མཁན་དག་གིས་ལག་ལེན་ནམ་ཡང་བྱེད་མི་སྲིད། དོན་དུ་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་གཉིས་ཕན་གྱི་ཞི་འགྲིག་ཡོང་ཐབས་ལ་མགྱོགས་མྱུར་བསམ་ཤེས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་འབྲེལ་མོལ་གང་མྱུར་ཡོང་ཐབས་གནང་དགོས་པ་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་བསྐྱར་ནན་བྱ་རྒྱུ་ཡིན།

གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་མངོན་པར་བསྟོད་རྒྱུ་དང་། བཙན་བྱོལ་བོད་མི་ཡོངས་ནས་ཀྱང་རང་མི་རིགས་ཀྱི་ཁྱད་ཆོས་སྲུང་སྐྱོབ་དང་། བོད་མིའི་འཐབ་རྩོད་ཐད་དངོས་ཤུགས་བརྒྱུད་གསུམ་ནས་འགན་ཁུར་བཞེས་དང་བཞེས་བཞིན་པར་བསྔགས་བརྗོད་དང་སྦྲགས་རང་ཅག་བོད་མི་རྣམས་ཀྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐབས་དང། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་ཐབས་སུ་རྣམ་དཀར་བསོད་ནམས་གསོག་བསྒྲུབ་དང་། བོད་མིའི་མཐུན་ལམ་དང་ཆིག་སྒྲིལ་རྒྱུན་གནས་ཡོང་ཐབས་སུ་བོད་མི་ཚང་མས་ཡིད་གཟབ་ཀྱིས་དུས་རྟག་ཏུ་འབད་བརྩོན་ལྷོད་མེད་བྱ་དགོས་རྒྱུ་ལས། དེ་མིན་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགྲ་དགའ་གཉེན་སྡུག་གིས་བོད་མིའི་མཐུན་སྒྲིལ་ལ་གཏོར་སྐྱོན་འགྲོ་གཞིའི་ཐལ་སྐྱོན་རིགས་རྩ་བ་ནས་མ་ཤོར་བ་དགོས་པའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན་ལ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་དབུས་སུ་བཅངས་ཏེ་འཛམ་གླིང་སྤྱི་དང་། བྱེ་བྲག་བོད་སྤྱིའི་འཕྲལ་ཕུགས་བདེ་དོན་ལ་སྨན་པའི་འགན་ཁུར་ཞུ་དགོས་རྣམས་རང་གཅེས་འཛིན་གྱི་བསམ་མནོ་ཁོ་ན་མིན་པར་སྤྱི་པའི་ལས་དོན་ལ་དོ་ཁུར་ཧུར་བསྐྱེད་གནང་དགོས་རྒྱུ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་དེ་ཡིན་པས། ཚང་མའི་ཐུགས་ལ་ཉར་ཏེ་ཉིན་རེའི་འཚོ་བའི་ནང་ལག་བསྟར་གནང་དགོས་པའི་བསྐུལ་མ་ནན་ཏན་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་གི་ཉིན་མོ་འདིའང་བཞུགས་སྒར་རྡ་རམ་ས་ལར་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་ཟབ་རྒྱས་ཞིག་དང་འབྲེལ་ས་གནས་ཡུལ་མི་རྣམས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་དང་། ཡུལ་མི་དང་བོད་མི་མང་དབར་མཛའ་བརྩེའི་ལར་ཞེན་གཡོ་བ་མེད་པའི་རྣམ་པ་མཚོན་གྱི་ཡོད་སྟབས། དུས་སྟོན་གོ་སྒྲིག་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འབྲེལ་ཡོད་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་གར་དབུས་སའི་གཞུང་དང་། མང་ཚོགས་བཅས་ཀྱིས་བོད་མིའི་བདེ་དོན་སྤྱི་དང་བོད་དོན་བདེན་མཐའ་གསལ་ཐབས་སུ་རྒྱབ་སྐྱོར་མཐུན་འགྱུར་གནང་བའི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་དཀའ་བས། དེ་རིང་གི་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཞི་བདེ་འབྱུང་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ལ།།

Share this:
༧༢ ཀློག་གྲངས།