བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་རྣམས་གློད་གྲོལ།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་རྒྱ་གར་ལ་ལྷན་ཚོགས་ཤིག་གི་ཆེད་དུ་འབྱོར་ཡོད་པ་དང་བསྟུན། བོད་མི་ལས་འགུལ་བ་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྐྱེན། རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་ནའང་། རྗེས་སུ་གློད་གྲོལ་བཏང་ཡོད་པ་རེད།

ཟླ་༡༢ པའི་ཚེས་༡༡ ཉིན་གྱི་ཕྱི་དྲོར། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡཱི་དང་རྒྱ་ནག་གི་སྐུ་ཚབ་ལྷན་ཚོགས་སྡོད་སའི་དབྱིམ་པི་རེལ་མགྲོན་ཁང་གི་འགྲམ་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་༩ ཡིས་ངོ་རྒོལ་སྐད་འབོད་དང་། བོད་དོན་དང་འབྲེལ་བའི་འཕྲེད་དར་འཕྱར་བ་སོགས་ཀྱི་ལས་འགུལ་སྤེལ་རྐྱེན་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་དང་། མཚན་མོའི་ཆུ་ཚོད་༡༢ ཡས་མས་ལ་ལས་འགུལ་བ་ཚང་མ་གློད་གྲོལ་བཏང་ཡོད་འདུག

སྤྱིར་མགྲོན་ཁང་དེའི་ཉེ་འགྲམ་དུ་བདེ་འཇགས་ཀྱི་གྲ་སྒྲིག་བརྟན་པོ་བྱས་ཡོད་ཀྱང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་ཅིག་གིས། ཁང་པ་ཞིག་གི་ཐོག་ལ་འཛེགས་ནས། བོད་ལ་རང་དབང་འཕྲལ་དུ་སྤྲོད་དགོས་ཞེས་པའི་ཧྤེ་ཊི་༡༠ ཅན་གྱི་འཕྲེད་དར་ཞིག་སྐར་མ་༡༠ ཡི་རིང་འཕྱར་ཐུབ་པ་བྱུང་འདུག་པ་དང་། དེ་བཞིན་ཁག་ཅིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པ་སོགས་ཀྱི་འཕྲེད་དར་འཕྱར་ནས་ངོ་རྒོལ་སྐད་འབོད་ཀྱང་བྱས་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་རྒྱ་གར་དུ། རྒྱ་ནག་དང་རྒྱ་གར། ཨུ་རུ་སུ་བཅས་ཀྱི་ཕྱི་སྲིད་བློན་ཆེན་བར་གྱི་ལྷན་ཚོགས་ཤིག་གི་ཆེད་དུ་སླེབས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༥ ཀློག་གྲངས།