རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་ལྷ་སར་བུད་མེད་ཀྱི་རྐང་སྤོལ་ལས་གཞི་སྒོ་འབྱེད་བྱས།

འཛམ་གླིང་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་བུད་མེད་རྣམས་ཀྱི་ཆེད་དུ་རྐང་སྤོལ་གྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དེ། བོད་ཀྱི་རྒྱལ་ས་ལྷ་སར་སྒོ་འབྱེད་བྱས་ཡོད་འདུག

རྩེད་རིགས་གསར་ཁང་(SportsPro) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་(FIFA) ཀྱིས་བུད་མེད་རྣམས་ཀྱི་ཆེད་དུ་སྤེལ་བཞིན་པའི་རྐང་སྤོལ་ལས་གཞི་(Live Your Goals) ཞེས་པ་དེ་བོད་ཀྱི་རྒྱལ་ས་ལྷ་ས་རུ་གསར་དུ་སྒོ་འབྱེད་བྱས་ཡོད་འདུག་ཅིང་། ལྷ་སར་ཆེས་ཐོག་མའི་རྩེད་འགྲན་བྱེད་སྐབས་བུ་མོ་༥ ལས་གྲུབ་པའི་རུ་ཁག་གཉིས་ཕན་ཚུན་འགྲན་སྡུར་བྱས་ནས་རྩེད་འགྲན་འགོ་བཙུགས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་དང་། འབྲིང་རིམ། མཐོ་འབྲིང་བཅས་ཀྱི་སློབ་གྲྭ་༥༡ ནང་རྐང་སྤོལ་ལས་གཞི་དེ་སྤེལ་རྒྱུ་ཡིན་འདུག

ལས་གཞི་འདི་ནི་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་ཐོག་མར་ཕྱི་ལོ་༢༠༡༡ ལོོར་གསར་དུ་སྤེལ་འགོ་བཙུགས་ནས། འཛམ་གླིང་གི་ཡུལ་གྲུ་གང་སར་བུད་མེད་རྣམས་ལ་རྐང་སྤོལ་གྱི་ཐོག་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། ལས་གཞི་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་བུད་མེད་སྤྱི་དང་ན་གཞོན་བུ་མོ་རྣམས་ལ་རྐང་སྤོལ་གྱི་རྩལ་ཡོང་ཐབས་སུ་འབད་བརྩོན་དང་། དེའི་སྐོར་གྱི་གོ་རྟོགས་སྤེལ་བཞིན་པར་མཐུན་འགྱུར་རོགས་རམ་བྱ་རྒྱུ་དེ་ཡིན་འདུག

ལས་གཞི་འདིའི་འོག་ནས་རྒྱལ་སྤྱིའི་རྐང་སྤོལ་ལྷནཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཇུག་པ་དང་། ཚོགས་མི་ཡིན་པའི་ལས་རྟགས་སྤྲོད་པ། རྐང་སྤོལ་གྱི་རྨང་གཞི་སློབ་པ། དཔལ་འབྱོར་གྱི་རོགས་སྐྱོར་སྤྲོད་པ་བཅས་བྱ་རྒྱུ་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༦༢ ཀློག་གྲངས།