འབར་མའི་ནང་ཁ་ཆེ་རཱུང་གྷི་ཡའི་མི་མང་༦༧༠༠ ལྷག་བསད་ཡོད་པའི་ཚོད་རྩིས།

འབར་མ་གཞུང་གིས་ཁ་ཆེ་རཱུང་གྷི་ཡའི་མི་མང་༤༠༠ ཡས་མས་ཤིག་བསད་ཡོད་སྐོར་བསྒྲགས་ཡོད་ཀྱང་། དཔྱད་ཞིབ་ཀྱི་གྲུབ་དོན་ལས་ཉུང་མཐར་རཱུང་གྷི་ཡ་མི་མང་༦༧༠༠ བསད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༤ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ཀྱིས་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་འབྱོར་བའི་ཁ་ཆེ་རཱུང་གྷི་ཡ་མི་རིགས་སྐྱབས་བཅོལ་བ་རྣམས་ལ་དཔྱད་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཕྱི་ཟླ་༨ པའི་རྗེས་སུ་འབར་མ་གཞུང་ནས་རཱུང་གྷི་ཡའི་ཁ་ཆེ་བ་༦༧༠༠ ལྷག་བསད་ཡོད་པ་དང་།  གྲངས་ཀ་དེ་ནི་འབར་མ་གཞུང་གིས་བསྒྲགས་པའི་མི་བསད་པའི་གྲངས་ཀ་ལས་ཧ་ཅང་གིས་ཚད་མཐོ་བ་ཡིན་སྐོར་བརྗོད་ཡོད་འདུག

རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ཀྱི་དཔྱད་ཞིབ་གྲུབ་དོན་དུ། འདི་ལོའི་ཕྱི་ཟླ་༨ པའི་ཕྱི་ཚེས་༢༥ ནས་བཟུང་། ཉུང་མཐར་རཱུང་གྷི་ཡའི་ཁ་ཆེ་བ་༦༧༠༠ འབར་མ་གཞུང་གིས་བསད་ཡོད་པ་དང་། དེའི་ཁོངས་སུ་ལོ་༥ མ་ཟིན་པའི་བྱིས་པ་༧༣༠ ལྷག་ཡོད་སྐོར་འདུག དེ་བཞིན་ཕྱི་ཟླ་༨ པའི་ཕྱི་ཚེས་༢༥ ནས་ཕྱི་ཟླ་༩ པའི་ཚེས་༢༤ བར་ཟླ་གཅིག་གི་རིང་དུ་རཱུང་གྷི་ཡའི་ཁ་ཆེ་༩༠༠༠ ལྷག་དྲག་རྒོལ་གྱི་དོན་རྐྱེན་ལ་བརྟེན་ནས་འབར་མའི་ནང་ནས་ཤི་ཡོད་པ་དང་། དོན་རྐྱེན་དེ་བྱུང་ནས་བཟུང་ད་བར་རཱུང་གྷི་ཡའི་ཁ་ཆེ་བ་༦༤༧,༠༠༠ ལྷག་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་འབྱོར་ཡོད་འདུག འབར་མ་གཞུང་གི་དྲག་སྤྱོད་ལས་ཚེ་སྲོག་ཤོར་མཁན་གྱི་རཱུང་གྷི་ཡའི་མི་བརྒྱ་ཆ་༦༩ ནི་མེ་མདའ་བརྒྱབས་ནས་བསད་ཡོད་པ་དང་། བརྒྱ་ཆ་༩ ཁང་པ་དང་མཉམ་དུ་མེར་བསྲེགས་པ། དེ་བཞིན་བརྒྱ་ཆ་༥ ནི་རྡུང་བརྡེག་ཁོ་ན་ལ་བརྟེན་ནས་བསད་ཡོད་པ། གཞན་ཡང་ལོ་༥ མ་ཟིན་པའི་བྱིས་པ་བསད་པ་རྣམས་ཀྱི་ཁྲོད་ནས། བརྒྱ་ཆ་༥༩ ནི་མེ་མདའ་བརྒྱབས་ནས་བསད་པ་དང་། བརྒྱ་ཆ་༡༥ མེར་བསྲེགས་པ། བརྒྱ་ཆ་༧ མ་ཤི་བར་དུ་རྡུང་བརྡེག་གཏོང་བ། དེ་བཞིན་བརྒྱ་ཆ་༢ ས་ཐོག་ལ་འབར་གས་དང་མཉམ་དུ་འཐོར་བཅུག་ནས་བསད་ཡོད་པ་བཅས་ཀྱི་གནས་ཚུལ་འཁོད་ཡོད་འདུག

འོན་ཀྱང་འབར་མའི་གཞུང་གིས་འདི་ལོའི་ཕྱི་ཟླ་༨ པའི་ཚེས་༢༥ ཉིན་འབར་མའི་ནང་ཁ་ཆེ་མི་རིགས་མང་ཤོས་སྡོད་སའི་རག་ཀི་ནི་མངའ་ཁུལ་གྱི་ཉེན་རྟོག་ཁང་༣༠ ལ། ཁུལ་དེའི་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གིས་དྲག་རྒོལ་བྱས་རྗེས། རོ་ཧིན་གྷའི་མི་༤༠༠ ཡས་མས་ཤིག་བསད་ཡོད་པ་དང་། དེ་དག་ཕལ་ཆེ་བ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཟླ་༡༠ པའི་ནང་རག་ཀི་ནི་ཁུལ་དུ་ས་མཚམས་ཀྱི་བདེ་སྲུང་མི་སྣ་༩ བསད་ཡོད་པ་དང་། འབར་མའི་གཞུང་གིས་དྲག་རྒོལ་དེ་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གི་བྱེད་ལས་ཡིན་སྐོར་བརྗོད་ནས། ཁུལ་དེར་དྲག་གནོན་ཁྱབ་ཆེན་པོ་བྱས་ཡོད་པ་རེད། སྐབས་དེར་དམག་མི་ཚོས་ཁ་ཆེ་མི་རིགས་ཀྱི་མི་མང་པོ་དོན་མེད་དུ་བསད་པ་དང་། མནར་གཅོད་གཏོང་བ། བཙན་གཡེམ་བྱས་ཡོད་པའི་ཉེས་འཛུགས་ཀྱི་གནས་ཚུལ་ཆེན་པོ་བྱུང་ཡོད་པ་རེད།

འབར་མའི་ནང་ཁ་ཆེ་མི་རིགས་དང་ནང་པ་མི་རིགས་བར་འཁྲུག་འཛིང་ཐེངས་མང་པོ་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོའི་འོས་བསྡུའི་སྐབས་འབར་མའི་གཞུང་གིས་ཁ་ཆེ་མི་རིགས་མང་པོ་ཞིག་གི་མི་སེར་ལག་ཁྱེར་ཕྱིར་བསྡུ་བྱས་ཏེ་འོས་བསྡུར་མཉམ་ཞུགས་བྱེད་ཐབས་མེད་པ་བཟོས་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Share this:
༢༦༩ ཀློག་གྲངས།