མུམ་བྷེ་ནས་ཚོང་ཁང་ཞིག་ལ་མེ་ཤོར་ཏེ་ལས་མི་༡༢ གྲོངས་ཡོད་འདུག

 སྦི་སྦི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༨ ཉིན་རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མི་༡༢ གྲོངས་ཡོད་འདུག
དེ་ཡང་དེ་རིང་རེས་གཟའ་ཟླ་བའི་ཉིན་གྱི་སྐྱ་རེངས་མ་ཤར་གོང་གི་མཚན་མོའི་ཆུ་ཚོད་༤ ཡས་མས་ཙམ་ལ། ཚོང་ཁང་དེའི་འོག་ཁང་ལ་མེ་ཤོར་ཡོད་པ་དང་། དེ་རྗེས་ཚོང་ཁང་ལ་རྡིབ་སྐྱོན་བྱུང་སྟབས། ཚོང་ཁང་གི་ཡང་སྟེང་དུ་གཉིད་ཉལ་ནས་བསྡད་ཡོད་པའི་མི་༡༢ ལ་ཐོག་མའི་ཆར་རྨས་སྐྱོན་ཚབས་ཆེན་ཤོར་ཡོད་འདུག་ཀྱང་། དེ་རྗེས་སྨན་ཁང་དུ་འཁྱེར་བའི་ལམ་བར་ནས་མི་༡༢ ཚང་མ་གྲོངས་ཡོད་འདུག
གནས་ཚུལ་དེ་འབྱུང་རྐྱེན་ནི་ཚོང་ཁང་ལ་ལྟ་རྟོག་ཞན་པ་དང་། བདེ་འཇགས་སྲུང་སྐྱོབ་ཡག་པོ་མེད་པ་བཅས་ཡིན་སྐོར་བརྗོད་ནས་ཁག་དཀྲི་བྱེད་བཞིན་ཡོད་འདུག་ཀྱང་། འབྱུང་རྐྱེན་ངོ་མ་ཅི་ཞིག་ཡིན་མིན་ད་ལྟའི་ཆར་ཁ་གསལ་པོ་གང་ཡང་ཆགས་མེད་པ་དང་། རྒྱ་གར་གཞུང་གི་ངོས་ནས་དེའི་ཐད་བརྟག་དཔྱད་བྱེད་འགོ་འཛུགས་ཟིན་སྐོར་བརྗོད་ཡོད་འདུག
རྐྱེན་ལམ་དུ་ཤོར་བའི་མི་༡༢ དེ་དག་ནི་ཚོང་ཁང་དེའི་ལས་མི་ཡིན་པ་དང་། དེར་གནས་སྡོད་བྱེད་ཀྱི་ཡོད་འདུག་ལ། མེ་གསོད་རུ་ཁག་དང་གཞན་ཉེན་སྐྱོབ་པ་ཚོས་ཁང་པ་དེའི་ནང་ཡོད་པའི་མི་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་ཡོད་འདུག
འདི་ལོའི་ཕྱི་ཟླ་༩ པའི་ནང་དུ་ཡང་མུམ་བྷེ་གྲོང་ཁྱེར་གྱི་འཛུགས་སྐྲུན་ས་ཚིགས་ཤིག་ལ་འདི་ལྟ་བུའི་མེ་སྐྱོན་ཤིག་ཤོར་ནས། མི་༦ གི་ཚེ་སྲོག་ཤོར་ཡོད་པ་དང་། ཁག་ཅིག་ལ་རྨས་སྐྱོན་ཤོར་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
Share this:
༡༢༣ ཀློག་གྲངས།