སྲིད་སྐྱོང་གིས་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱལ་ཁར་འཚམས་འདྲི་གནང་།

རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། བྷི་ཇེ་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ནས། མངའ་སྡེའི་གཞུང་འཛིན་ཚོགས་པ་ཆགས་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དགའ་བསུའི་འཚམས་འདྲི་གནང་ཡོད་པ་དང་། ད་ལྟའི་ལས་མཚམས་འཇོག་ལ་ཉེ་བའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ད་བར་ཁོང་གིས་བོད་ལ་རྒྱབ་སྐྱོར་གང་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

ཟླ་༡༢ པའི་ཚེས་༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཐོག་ཏུ་སྲིད་སྐྱོང་གི་འཚམས་འདྲིའི་ཡི་གེ་བཀོད་པ་ལྟར་ན། སྲིད་སྐྱོང་གིས་“ཉེ་ལམ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ལས་རིམ་ནང་བྷི་ཇེ་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཤུགས་ཆེ་ཐོབ་པར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

གྲུབ་འབྲས་འདི་ནི་མཛེས་སྡུག་ལྡན་པའི་ཧི་མཱ་ཅལ་མངའ་སྡེའི་མང་གཙོའི་རིང་ལུགས་ཀྱི་དཔལ་དང་གཟི་བརྗིད་ཀྱིས་རྒྱན་པའི་ལིའུ་གསར་པ་ཞིག་ཡིན། བོད་མི་ཚོས་ཀྱང་དགའ་བསུ་ཞུ་བཞིན་པ་མ་ཟད།  དེ་སྔའི་འབྲེལ་ལམ་བཟང་པོ་ཡིད་ཀྱི་འཆར་སྣང་དུ་དྲན་བཞིན་རེ་བའི་ཉིན་མོ་གསར་པ་ཞིག་ངང་སྒུག་ཞུ་བཞིན་ཡོད། བྷི་ཇེ་པི་སྲིད་དོན་ཚོགས་པར་མཚོན་ན་དབུས་སའི་སྲིད་གཞུང་སུ་ཡིན་ཡང་ལྟོས་མེད་ཀྱིས་བོད་དོན་དང་བོད་མིའི་བདེ་དོན་ཆེད་དུས་རྟག་ཏུ་རྒྱབ་སྐྱོར་ཧ་ཅང་གནང་དང་གནང་མུས་རེད།

ལྷག་པར་ཧི་མཱ་ཅལ་མངའ་སྡེ་འདིར་མཚོན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཆགས་ཡོད་པ་མ་ཟད།  འདས་པའི་མི་ལོ་༦༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཤིག་ཀྱང་ཆགས་ཡོད་སྟབས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པ་ནི་སྨོས་མེད་ཡིན། དྷ་སར་གནས་སྟངས་ཇི་འདྲ་ཞིག་ཆགས་པ་དེ་འཛམ་གླིང་རྒྱ་ཁྱབ་ཏུ་གནས་པའི་བོད་རིགས་ཡོངས་ལ་ཤུགས་རྐྱེན་ཧ་ཅང་འཐེབ་བཞིན་ཡོད།  ལྷག་པར་མངའ་སྡེའི་ཡུལ་མི་དང་བོད་མིའི་དབར་གྱི་མཛའ་བརྩེའི་འབྲེལ་ལམ་ནི་ཧ་ཅང་སེམས་ཐག་ཉེ་བའི་ཁྱིམ་ཚང་གཅིག་པའི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད་པར་བརྟེན།  བྷི་ཇེ་པི་སྲིད་གཞུང་གསར་པའི་ངོས་ནས་ཀྱང་འབྲེལ་ལམ་དེ་སྔར་རྒྱུན་བཞིན་དམ་ཟབ་རྒྱུན་སྐྱོང་གནང་རྒྱུ་ཙམ་མ་ཟད།  སྔར་བས་སྲ་བརྟན་ཞིག་བསྐྲུན་ཐབས་གནང་རྒྱུ་ཡིན་པར་ང་ཚོར་ཡིད་ཆེས་གཙང་མ་ཡོད།

གོ་སྐབས་འདི་དང་བསྟུན་ངས་ད་ལྟའི་སྲིད་གཞུང་ལས་ཐོག་པའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷ་ཧཱདྲ་སིངྒ་(Shri Virbhadra Singh)མཆོག་གིས་དུས་རྟག་ཏུ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་ཐུགས་ཧ་ཅང་ཉེ་པོས་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། ལྷག་པར་ཁོང་གི་སྲིད་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤ གཏན་འབེབས་གནང་བར་བརྟེན་སྲིད་བྱུས་དེས་ས་གནས་བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཐོག་ཕན་ཐོགས་རླབས་ཆེ་བྱུང་དང་འབྱུང་བཞིན་པ་དེས་བོད་མི་བཙན་བྱོལ་བ་རྣམས་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཧ་ཅང་འབྱུང་བཞིན་ཡོད་པར་བརྟེན་ངས་དམིགས་བསལ་བཀའ་དྲིན་ཅེ་ཞུ་རྒྱུ་ཡིན།”ཞེས་གསུངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༡༨ ཀློག་གྲངས།