རྒྱ་ནག་གཞུང་གི་ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་རིགས་སློབ་མར་བདེ་འཇགས་ཀྱི་ཉེན་བརྡ།

ཨོ་སི་ཀྲོ་ལི་ཡ་ནང་དུ་རྒྱ་ནག་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ནང་གི་ཆབ་སྲིད་ནང་ཐེ་ཇུས་བྱེད་ཀྱི་ཡོད་པའི་གླེང་སློང་ཤུགས་ཆེན་འགྲོ་བཞིན་པའི་ཁར། དེ་གའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་རིགས་སློབ་མ་ཚོའི་རང་གི་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་པའི་རྒྱུན་ལྡན་མིན་པའི་ཉེན་བརྡ་ཞིག་བཏང་ཡོད་འདུག

ཟླ་༡༢ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་བྷེ་ར་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲ་ཐོག་ཏུ། ཉེ་བའི་ཆར་ནས་ཨོ་སི་ཀྲོ་ལི་ཡའི་མངའ་ཁུལ་འདྲ་མིན་ནང་། རྒྱ་རིགས་སློབ་མ་ཚོར་མཐོང་ཆུང་ཁྱད་གསོད་དང་རྒོལ་རྡུང་གི་གནས་ཚུལ་མང་དུ་ཕྱིན་ཡོད་པས། རང་ཉིད་ཀྱི་བདེ་འཇགས་ཐོག་ལ་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ནས། རྒྱལ་ཁབ་དེའི་མངའ་ཁུལ་ཁག་ནང་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་ཁ་པར་ཨང་གྲངས་སྤྲད་ནས། སློབ་མ་ཚོར་བདེ་འཇགས་ཀྱི་དཀའ་ངལ་འཕྲད་ཚེ་གཞུང་ཚབ་ཁང་དུ་སྙན་སེང་ཞུ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཨོ་སི་ཀྲོ་ལི་ཡའི་ནང་དུ་སློབ་འབྲིང་དང་མཐོ་སློབ། ལག་ཤེས་སྦྱོང་བརྡར་བསྟི་གནས་ཁང་སོགས་ལ་རྒྱ་རིགས་སློབ་མ་༡༧༠༠༠༠ ཡོད་འདུག་པ་དང་། ཟླ་༡༠ པའི་ནང་རྒྱ་རིགས་སློབ་འབྲིང་སློབ་མ་གཉིས་ལ་ཉེས་རྡུང་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་། ཟླ་༧ པའི་ནང་མེལ་བྷོན་གྲོང་ཁྱེར་ནང་གི་གཙུག་ལག་སློབ་གཉེར་ཁང་གཉིས་སུ། རྒྱ་རིགས་སློབ་མ་ཚོ་མཐོ་སློབ་ཀྱི་ཁང་བརྩེགས་ནང་དུ་འཛུལ་མི་ཆོག་པ་དང་འཛུལ་ཚེ་རང་ཡུལ་ལ་ཕྱིར་ལོག་གཏོང་སྲིད་སྐོར་སྦྱར་ཡིག་སྦྱར་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།

ཉེན་བརྡ་དེ་ཡང་ཨོ་སི་ཀྲོ་ལི་ཡའི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་བཏོན་པ་མ་ཟད། གྲོས་ཚོགས་འཐུས་མི་ཞིག་ལ་རྒྱ་ནག་གི་གཞུང་ཚབ་ཁང་དང་འབྲེལ་བ་ཡོད་པའི་རྒྱ་རིགས་ཚོང་པ་ཞིག་གི་སར་ནས་སྒེར་གྱི་ཆེད་དུ་དངུལ་བླངས་པ་དང་རྒྱ་ནག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་དོགས་སློང་གི་གནས་ཚུལ་ཐོན་ནས། གྲོས་ཚོགས་འཐུས་མི་དེས་ལས་གནས་ནས་དགོངས་པ་ཞུས་པ་རེད། དེ་བཞིན་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་དང་མི་སྣ་ཚོས། ཕྱིའི་རྒྱལ་ཁབ་ཁག་ནས་ཞལ་འདེབས་ཀྱི་དངུལ་ལེན་མི་ཆོག་པ་དང་ཕྱིའི་རྒྱལ་ཁབ་ཁག་གིས་ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་ནང་ཐེ་ཇུས་མི་ཡོང་བ་བཟོ་ཆེད་དུ། གསང་མྱུལ་བཀོལ་སྤྱོད་བཀག་འགོག་གི་ཁྲིམས་བཟོའི་ལས་དོན་འགྲོ་བཞིན་པའི་གནད་དོན་དེའི་སྐོར་གླེང་སློང་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད།

དེ་སྔོན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ནང་སྲིད་བློན་མེལ་ཁོམ་ཊུན་བྷོལ་གྱིས། བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ནང་གི་ཆབ་སྲིད་ནང་ཐེ་ཇུས་བྱེད་ཀྱི་ཡོད་པའི་གནས་ཚུལ་ལུང་འདྲེན་བྱས་ཏེ། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱལ་ནང་གི་ཆབ་སྲིད་ནང་ཐེ་ཇུས་ཡོང་ཐབས་སྣ་ཚོགས་བྱེད་བཞིན་ཡོད་སྐོར་བརྗོད་པས། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་ནང་གི་ཨོ་སི་ཀྲོ་ལི་ཡའི་གཞུང་ཚབ་སྐད་བཏང་ནས། སྲིད་བློན་གི་སྐད་ཆ་དེར་མོས་མཐུན་མེད་སྐོར་གྱི་བསམ་ཚུལ་བརྗོད་ཡོད་པ་རེད་འདུག

ཨོ་སི་ཀྲོ་ལི་ཡའི་བདེ་སྲུང་དཔྱད་བརྗོད་པ་མེལ་ཁོམ་ཌ་ཝི་སེ་ཡིས། རྒྱལ་ནང་གི་ཆབ་སྲིད་ནང་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་བཞིན་ཡོད་པ་དེ་ནི་དངོས་ཡོད་གནས་ཚུལ་ཡིན་པ་དང་། རྒྱ་ནག་གི་དམིགས་ཡུལ་ནི་རྒྱལ་ཁབ་དེ་རྒྱ་ནག་དང་ཐག་ཉེ་བ་དང་། ཨ་རི་ནས་ཐག་རིང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ཡིན་སྐོར་བརྗོད་འདུག

རྒྱ་ནག་དེ་ཨོ་སི་ཀྲོ་ལི་ཡའི་ཚོང་འབྲེལ་བྱེད་ཡུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། རྒྱལ་ཁབ་དེའི་མི་སེར་ནང་རྒྱ་རིགས་ཕོན་ཆེན་ཡོད་པ་མ་ཟད། རྒྱ་ནག་ནས་སླེབས་པའི་སློབ་མ་ཡང་གྲངས་འབོར་ཕོན་ཆེན་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་རྒྱལ་ནང་གི་ཆབ་སྲིད་ནང་ཐེ་ཇུས་བྱེད་ཐབས་ལ་འཇུག་བཞིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༡༩ ཀློག་གྲངས།