རྒྱ་གར་གཞུང་ནས་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་ཕྱོགས་དང་ཕྱིར་ལོག་མཐོང་མཆན་གཉིས་ཀྱི་ཐོག་བཀོད་ཁྱབ་བཏང་འདུག

རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་བཀོད་ཁྱབ་ཅིག་བཏང་ནས། སྐྱབས་བཅོལ་ལག་ཁྱེར་(R.C)དུས་འགྱངས་བྱེད་ཕྱོགས་དང་། དེ་བཞིན་ཕྱིར་ལོག་མཐོང་མཆན་(Return Visa)སོགས་ཀྱི་སྒྲིག་གཞི་འགྱུར་བ་བཏང་བའི་སྐོར་འཁོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་སྐྱབས་བཅོལ་ལག་ཁྱེར་(R.C)དུས་འགྱངས་བྱེད་ཕྱོགས་དང་། དེ་བཞིན་ཕྱིར་ལོག་མཐོང་མཆན་(Return Visa)སོགས་ཀྱི་སྒྲིག་གཞིར་འགྱུར་བ་བཏང་སྟེ་མངའ་སྡེ་ཁག་གི་སྤྱི་ཁྱབ་དྲུང་ཆེ་དང་། ཕྱི་མི་དེབ་སྐྱེལ་ལས་ཁུངས་(FRO) བཅས་ལ་བཀོད་ཁྱབ་ཅིག་གནང་ཡོད་འདུག་པ་དང་། དེའི་ནང་སྒྲིག་གཞི་འགྱུར་བ་གཏོང་བའི་སྐོར་ལ་དོན་ཚན་ལྔ་འཁོད་ཡོད་པ་ནི།

༡། རྒྱ་གར་ནང་བསྡད་ནས་ལོ་ངོ་༢༠ ཕྱིན་པའི་བོད་མི་རྣམས་ནས་གལ་སྲིད་སྐྱབས་བཅོལ་ལག་ཁྱེར་དྲ་ཐོག་དེབ་སྐྱེལ་ཐོ་འགོད་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༣༡ གི་སྔོན་དུ་བྱེད་ཚེ། སྐྱབས་བཅོལ་ལག་དེབ་དུས་འགྱངས་མུ་མཐུད་ལོ་ལྔ་གནང་རྒྱུ་དང་། གལ་ཏེ་བཙན་བྱོལ་བོད་མི་སུ་རུང་ལ་སྐྱབས་བཅོལ་ལག་དེབ་དྲ་ཐོག་དེབ་སྐྱེལ་ཐོ་འགོད་བྱ་རྒྱུར་དཀའ་ངལ་འཕྲད་དེ་དྲ་ཐོག་དེབ་སྐྱེལ་ཐོ་འགོད་མི་དགོས་པར་མུ་མཐུད་དུས་འགྱངས་ཞུ་འདོད་ཡོད་རིགས་ལ་སྔར་ལྟར་ལོ་གཅིག་རིང་དུས་ཡུན་ཕར་འགྱངས་གནང་རྒྱུ།

༢། སྐྱབས་བཅོལ་ལག་དེབ་ས་གནས་གཅིག་ནས་གཞན་དུ་སྤོ་(Transfer)སླད་དོ་བདག་རང་ཉིད་དངོས་སུ་བཅར་མི་དགོས་པ་དང་། དུས་ཚོད་མི་འགོར་བར་སྟབས་བདེ་ཡོང་སླད་དྲ་ཐོག་ནས་(Transfer) གནང་གཏན་འཁེལ་ཡོད།

༣། གལ་ཏེ་བོད་མི་སུ་རུང་ལ་དངོས་ཡོད་ཀྱི་དཀའ་ངལ་ཞིག་འཕྲད་པ་དང་། དེ་བཞིན་སྣང་མེད་དབང་གིས་དྲན་པ་བརྗེད་པ་སོགས་ལ་བརྟེན་ནས་དུས་ཐོག་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་མ་ཐུབ་ཚེ་ཁྲིམས་སྒྲིག་ལྟར་ཉེས་ཆད་འབུལ་ཏེ་དུས་འགྱངས་ཞུ་འཐུས་ཆོག་པ་དང་། འོན་ཀྱང་ནང་འགྲིག་བྱེད་མ་ཐུབ་པའི་ཁྲིམས་དང་འགལ་བའི་རིགས་(Non Compoundable offences)ཀྱིས་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་མ་ཐུབ་ཚེ་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཕོག་སྲིད།

༤། བོད་མིའི་སྒྲིག་འཛུགས་ནས་རྒྱབ་གཉེར་ངོས་སྦྱོར་ཡོད་པའི་བོད་མི་སུ་རུང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་ཆེད་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ལོག་མཐོང་མཆན་ཞུ་མཁན་རྣམས་ལ་ལོ་གཅིག་རིང་(Multi Entry)ཞེས་ཕར་འགྲོ་ཚུར་འོང་ཐེངས་གཅིག་ལས་མང་བ་བྱེད་ཆོག་པའི་ཕྱིར་ལོག་མཐོང་མཆན་གནང་རྒྱུ།

༥། མངའ་སྡེ་སོ་སོའི་འབྲེལ་ཡོད་ལས་བྱེད་རྣམས་ནས་བཙན་བྱོལ་བོད་མི་རྣམས་དང་འབྲེལ་བ་བྱེད་སྐབས་ཆེ་མཐོང་ལྡན་པའི་ཐོག་ནས་འབྲེལ་བ་བྱེད་དགོས་ཀྱང་། བོད་མི་སུ་རུང་ནས་ཁྲིམས་འགལ་རིགས་བྱ་ཚེ་ཕྱི་རྒྱལ་ཡུལ་མི་གཞན་ལྟར་ཁྲིམས་ཆད་ནན་པོ་གཏོང་དགོས་ཞེས་འཁོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༨༩ ཀློག་གྲངས།