མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་ཊོམ་ལ་ཁ་གཏད་བཅག་འདུག  

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཇུ་རུ་སི་ལམ་གནས་ཆེན་དེ་ཇིའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་རྐྱེན། ཁ་ཆེ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་། ནུབ་ཕྱོགས་རྒྱལ་ཁབ་གཞན་གྱིས་དགག་པ་ཆེན་པོ་བརྒྱབ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་རྒྱལ་ཁབ་༡༢༨ ཡིས་ཊོམ་གྱི་ཐག་གཅོད་ལ་ངོ་རྒོལ་བྱས་འདུག

ཟླ་༡༢ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ནང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཇུ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་དེར་ངོས་ལེན་མེད་པའི་གྲོས་འཆར་ཞིག་གི་ཐོག་ལ་འོས་བླུགས་སྐབས། གཏན་འཇགས་ཚོགས་མི་ཨ་རི་གཅིག་པུས་དགག་པ་བརྒྱབ་ཡོད་པས། གྲོས་འཆར་དེ་གྲོས་ཆོད་དུ་འཇོག་ཐུབ་མེད་པ་རེད། ཟླ་༡༢ པའི་ཚེས་༢༡ ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཛ་དྲག་ཐོག་འཚོགས་ནས། གྲོས་འཆར་དེའི་ཐོག་འོས་བླུགས་ཡོད་འདུག་པས། ཚོགས་མི་རྒྱལ་ཁབ་༡༢༨ ཡིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ཡོད་པ་དང་། ༣༥ ཡིས་འོས་བླུགས་མེད་ཁར། ཨ་རི་དང་ཨི་ཛེ་རིལ་གཙོས་པའི་རྒྱལ་ཁབ་༩ ཡིས་གྲོས་ཆོད་དེར་དགག་པ་བརྒྱབ་འདུག དེ་བཞིན་རྒྱལ་ཁབ་༢༡ འོས་ཤོག་གི་ལས་རིམ་ནང་མཉམ་ཞུགས་བྱས་མེད་ནའང་། གྲོས་འཆར་དེར་མང་མོས་རྒྱབ་སྐྱོར་ཆེན་པོ་ཐོབ་ནས་གྲོས་ཆོད་བཞག་འདུག

གྲོས་ཆོད་ནང་དུ་སྲིད་འཛིན་ཊོམ་གྱི་ངོས་འཛིན་དེ་ཁྲིམས་ཐོག་ནས་རྩིས་མེད་ཡིན་པ་དང་། ཨ་རིས་ངོས་འཛིན་དེ་ཕྱིར་འཐེན་བྱེད་དགོས་སྐོར་བརྗོད་ཡོད་འདུག

གྲོས་འཆར་དེར་འོས་མ་བླུགས་པའི་སྔོན་དུ། སྲིད་འཛིན་ཊོམ་གྱིས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཚོར། ཨ་རིའི་རོགས་དངུལ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། འོས་ཤོག་མ་བླུགས་པའི་སྔོན་དུ། ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས། གྲོས་ཚོགས་ནང་ཨ་རིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཨ་རི་ལོགས་སུ་བཏོན་ནས་འཐབ་རྒོལ་བྱས་པའི་ཉིན་མོ་དེ་དྲན་པ་བརྗེད་མི་སྲིད་པ་དང་། ཨ་རིའི་གཞུང་ཚབ་ཁང་དེ་ཇུ་རུ་སི་ལམ་ལམ་གནས་སྤོ་བྱེད་རྒྱུ་ཡིན་པས། མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གི་འོས་ཤོག་གང་འདྲ་ཞིག་གིས་ཀྱང་ཁྱད་པར་བཟོ་ཐུབ་རྒྱུ་མིན་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག

གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་མཐུན་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན། དབྱིན་ཡུལ་སོགས་ཡོད་པས། དེ་ནི་ཊོམ་གྱི་ཐག་གཅོད་ལ་ངོས་ལེན་མེད་པའི་རྣམ་པ་ཤུགས་ཆེན་ཡིན་འདུག

ཟླ་༡༢ པའི་ཚེས་༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས། དཀྱིལ་ཤར་ཡུལ་གྲུའི་ནང་རྩོད་རྙོག་ཆེ་ཤོས་དང་སེམས་ཚོར་རྣོ་ཤོས་ཀྱི་ཇུ་རུ་སི་ལམ་གྲོང་ཁྱེར་དེ། ཨཱི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་པའི་གསལ་བསྒྲགས་བྱས་ཏེ། ཨ་རིའི་གཞུང་ཚབ་གྲོང་ཁྱེར་དེར་གནས་སྤོ་བྱེད་པའི་བརྒྱུད་རིམ་འགོ་བཙུགས་དགོས་པའི་བཀའ་བཏང་ཡོད་པས། ཁ་ཆེའི་རྒྱལ་ཁབ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ས་ཕྱོགས་མང་པོར་སྲིད་འཛིན་ཊོམ་ལ་ངོ་རྒོལ་གྱི་ལས་འགུལ་ཁྱབ་ཆེན་སྤེལ་ཡོད་པ་རེད། དེ་རྗེས་ཁ་ཆེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༧ ལྷན་འཛོམས་ཐོག ཊོམ་གྱི་ཐག་གཅོད་དེ་ཁྲིམས་ཐོག་ནས་རྩིས་མེད་དང་། ཤར་ཇུ་རུ་སི་ལམ་དེ་པེ་ལི་སེ་ཐན་གྱི་རྒྱལ་སར་ངོས་འཛིན་བྱས་ཏེ། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་དེ་ལྟར་ངོས་འཛིན་བྱེད་པའི་རེ་སྐུལ་བྱས་ཏེ། ཊོམ་ལ་ཁ་གཏད་ཆེན་པོ་བཅག་ཡོད་པ་རེད།

ཇུ་རུ་སི་ལམ་དེ་ནི་ཇིའུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས། དེ་བཞིན་ཡེ་ཤུ་ཆོས་ལུགས་བཅས་ཀྱིས་གནས་རྩ་ཆེན་ལ་བརྩི་ཡི་ཡོད་པ་དང་། ད་ལྟའི་ཆར་ཇིའུ་ཆོས་ལུགས་ཡིན་པའི་ཨཱི་ཛེ་རིལ་རྒྱལ་ཁབ་དང་ཁ་ཆེ་ཆོས་ལུགས་ཀྱི་རྒྱལ་ཁབ་པེ་ལི་སེ་ཐན་གཉིས་ཀྱིས་གྲོང་ཁྱེར་དེའི་བདག་དབང་ལ་རྩོད་ཀྱི་ཡོད་པས། རྩོད་རྙོག་དེ་ཞི་བའི་ངང་སེལ་ཆེད་དུ་གྲོས་མོལ་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་ཨི་ཛེ་རིལ་གྱི་རྒྱབ་ལ་ལངས་ནས་གྲོང་ཁྱེར་དེ་རྒྱལ་ཁབ་དེའི་རྒྱལ་སར་ངོས་འཛིན་བྱས་རྐྱེན། དཀྱིལ་ཤར་ཡུལ་གྲུའི་བརྟན་ལྷིང་ལ་ཉེན་ཚབས་ཆེན་པོ་བཟོས་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག སྤྱིར་བཏང་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས། ཊོམ་གྱིས་ཨ་རིའི་ནང་ཇིའུ་མི་རིགས་མང་པོ་ཡོད་པས། འོས་ཤོག་ཐོབ་ཆེད་དུ་ཇེ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག འོན་ཀྱང་ཊོམ་གྱི་ཐག་གཅོད་དེར་ངོས་འཛིན་དང་དགའ་བསུ་མངོན་གསལ་དོད་པོ་བྱེད་མཁན་ཨི་ཛེ་རིལ་རྒྱལ་ཁབ་ལས་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༠༥ ཀློག་གྲངས།