རྔ་པ་རུ་རང་སྲེག་ངོ་རྒོལ།

ཟླ་འདིའི་ཚེས་༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་བོད་ཨ་མདོ་རྔ་པ་རུ་དཀོན་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་འདུག

རང་སྲེག་གི་བརྙན་ཐུང་ཞིག་ཕྱི་ལ་འབྱོར་བའི་ནང་སྐུ་གཟུགས་ཡོངས་རྫོགས་མེ་ལྕེས་བཏུམས་ནས་རྒྱུགས་བཞིན་ཡོད་པ་དང་། ཉེ་འཁྲིས་སུ་ཡོད་པའི་བུད་མེད་ཅིག་གིས་“རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཚང་། ཁྱེད་ཀྱི་ཐུགས་རྗེས་གཟིགས་དགོས་”ཞེས་གསོལ་འདེབས་གནང་ཡོད་པ་གོ་ཐུབ་ཀྱི་ཡོད་པ་རེད། དེ་མིན་སྐབས་དེར་ཁོང་གིས་སྐད་འབོད་ཅི་ཞིག་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། དེ་མ་ཐག་ཉེན་རྟོག་པ་སླེབས་ཏེ་ལུས་སྟེང་དུ་འབར་བཞིན་པའི་མེ་བསད་པ་དང་འབར་ཁམས་སུ་འཁྱེར་ནས་མཚན་གྱི་ཆུ་ཚོད་༡༠ ཙམ་ལ་སྨན་ཁང་དུ་སླེབས་ཡོད་འདུག་ཀྱང་། ཕྱི་ཚེས་༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༥ ཙམ་ལ་སྐུ་གྲོངས་ཡོད་འདུག

རྒྱ་ནག་གཞུང་གིས་ཁོང་གི་ནང་མིར་འབར་ཁམས་སུ་རུས་ཐལ་ལེན་པར་ཡོང་དགོས་སྐོར་བཤད་པ་ལྟར་སོང་བར་དཀོན་པེའི་རུས་ཐལ་རེད་ཟེར་བ་ཞིག་ནང་མི་ལ་སྤྲད་ཡོད་པ་དང་། ད་ལྟ་ཤུལ་ལུས་ནང་མི་ཉེ་འབྲེལ་ཚོས་སྐུ་གཤེགས་ཁོང་གི་རྗེས་འཇུག་སྒྲུབ་བཞིན་ཡོད་ཅིང་། ཁོང་གི་ཕ་རྒྱ་སྐྱབས་ལ་རྒྱ་གཞུང་གིས་དཀོན་པེའི་ཆེད་དུ་སྨན་རིན་སྒོར་ཁྲི་ཁ་ཤས་སོང་ཚུལ་བཤད་ནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་འདུག

རང་སྲེག་ངོ་རྒོལ་བ་དཀོན་པེ་ནི་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མ་ནས་ཡིན་ཡང་། དེང་སྐབས་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་ལ་མག་པར་སླེབས་ནས་ལོ་གཅིག་ལྷག་འགོར་ཡོད་འདུག ཁོང་ད་ལྟ་རང་ལོ་༣༠ ཡས་མས་ཤིག་ཡིན་པ་དང་། ཕ་མིང་ལ་རྒྱ་སྐྱབས། མ་མིང་ལ་འཕྲིན་ལྡོག གཟའ་ཟླའི་མིང་ལ་སྐལ་བཟང་སྒྲོལ་མ་ཟེར་གྱི་ཡོདའདུག དཀོན་པེ་ནི་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་རྗེས་སུ་སྐྱ་སར་བབ་པ་ཞིག་ཡིན་འདུག ཕྱི་ཚེས་༢༤/༢༥ གཉིས་ལ་རྔ་པ་རྫོང་ཐོག་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་བརྒྱབ་ནས་ཁོང་དང་གི་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་བྱས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༨༡ ཀློག་གྲངས།