རྒྱ་ནག་གིས་༢༠༡༥ ནས་བཟུང་དྲ་ལྗོངས་༡༣,༠༠༠ སྒོ་བརྒྱབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༥ ནས་བཟུང་ད་བར་དྲ་ལྗོངས་(website)༡༣,༠༠༠ རྒྱལ་ཁབ་ཀྱི་དྲ་རྒྱའི་སྒྲིག་ཁྲིམས་ལས་འགལ་བའི་ཉེ་མིང་འོག་སྒོ་བརྒྱབ་ཡོད་འདུག

དཔྱད་བརྗོད་པ་ཚོས་ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་དུ་སླེབས་ནས་བཟུང་དྲ་རྒྱའི་ཐོག་དམ་དྲག་མུ་མཐུད་ནས་ཤུགས་ཆེ་རུ་སོང་ཡོད་པ་བརྗོད་བཞིན་ཡོད་པ་དང་། གཞན་ཡང་དྲ་རྒྱའི་སྒྲིག་ཁྲིམས་དང་འགལ་བའི་མི་སྒེར་གྱིི་དྲ་རྒྱའི་ཁ་བྱང་འདྲ་མིན་ས་ཡ་༡༠ མ་ཟིན་ཙམ་ཞིག་སྒོ་བརྒྱབ་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གནས་ཚུལ་སྤེལ་ཡོད་འདུག་ཅིང་། མི་སྒེར་གྱི་དྲ་རྒྱའི་ཁ་བྱང་ཟེར་བ་ནི་མི་སྒེར་གྱི་སྤྱི་ཚོགས་དྲ་རྒྱའི་ཁ་བྱང་ལ་གཞི་འཛིན་གྱི་ཡོད་པ་ལྟ་བུ་ཞིག་ཡིན་སྐོར་འདུག

སྤྱིར་འཛམ་གླིང་ཁྱོན་ཡོངས་ནས་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཆེས་མང་ཤོས་དེ་རྒྱ་ནག་ཡིན་མིན་ལ་མ་ལྟོས་པར་ཕྱི་ལོ་༢༠༡༥ ལོར་ཨ་རིར་རྟེན་གཞི་བྱས་པའི་རང་དབང་གི་ཁང་པ་(Freedom House) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས། རྒྱལ་ཁབ་༦༥ ཡི་དྲ་རྒྱ་དོ་དམ་ཐད་བརྟག་དཔྱད་བྱེད་སྐབས། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ནས་སི་རི་ཡ་དང་། ཨི་རན་གཉིས་རྗེས་ནས་དྲ་རྒྱའི་ཐོག་དམ་དྲག་ཆེ་ཤོས་བྱེད་མཁན་དེ་རྒྱ་ནག་ཡིན་པ་སྙན་ཐོའི་ནང་འཁོད་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༡༧ ལོར་གཅིག་པུར་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་འཕྲུལ་རིགས་ཚོང་ལས་ཁང་རྣམས་ལ་དྲ་རྒྱ་དོ་དམ་དང་འབྲེལ་བའི་སྒྲིག་ཁྲིམས་གསར་པ་མང་པོ་ཞིག་བཟོས་ཡོད་འདུག་པ་མ་ཟད། འཚོལ་བཤེར་མ་ལག་གྷུ་གྷེལ་དང་། ངོ་དེབ། ཊུ་ཊེར་ལྟ་བུའི་སྤྱི་ཚོགས་དྲ་རྒྱ། དེ་བཞིན་ནིའུ་ཡོག་དུས་བབ་གསར་ཁང་སོགས་ཕྱི་རྒྱལ་གྱི་དྲ་རྒྱ་གྲངས་ལས་འདས་པ་རྒྱ་ནག་ནང་གི་དྲ་ལམ་ནས་སྔོན་ཚུད་ནས་ཡོངས་སུ་བཀག་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༣༢ ཀློག་གྲངས།