ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པའི་དམ་འབུལ་མཛད་སྒོ་གྲ་རྒྱས་པོ་འཚོགས་པ།

རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་ཇཡཱ་རམ་ཐཱ་ཀུར་གྱི་དམ་འབུལ་མཛད་སྒོར། རྒྱ་གར་གྱི་སྲིད་བློན་མཱོ་ཌི་གཙོས་པའི་རྒྱ་གར་དབུས་གཞུང་དང་མངའ་སྡེའི་བློན་ཆེན་ཁག་ཅིག་སླེབས་ཡོད་འདུག་པས། ད་བར་མངའ་སྡེའི་དམ་འབུལ་མཛད་སྒོ་གྲ་རྒྱས་པོ་དེ་འདྲ་འཚོགས་པ་ཐེངས་དང་པོ་ཡིན་འདུག

ཟླ་༡༢ པའི་ཚེས་༢༧ ཉིན་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར། ཉེ་ཆར་མངའ་སྡེའི་གྲོས་ཚོགས་འོས་བསྡུ་དེ་བྷི་ཇེ་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ནས། མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་གནས་སུ་འདེམས་ཐོན་བྱས་པའི་ཇཡཱ་རམ་ཐཱ་ཀུར་གྱི་མཛད་སྒོ་འཚོགས་ཡོད་པ་དང་། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་གྱི་དམ་འབུལ་མཛད་སྒོར་རྒྱ་གར་གྱི་སྲིད་བློན་ཞིག་སླེབས་པ་ཐེངས་དང་པོ་ཡིན་འདུག དེ་གར་རྒྱ་གར་གྱི་སྲིད་བློན་མཱོ་ཌི་གཙོས་པའི། དབུས་ནང་སྲིད་བློན་ཆེན་རཱ་ཇེ་ན་ཐེ་སིང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ཨཱ་མི་ཌ་ཤཱ། དེ་བཞིན་དབུས་བློན་ཆེན་ཁག་ཅིག་དང་། རྒྱ་གར་ཡཱུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡཱོ་གྷི་གཙོས་པའི་མངའ་སྡེ་གཞན་གྱི་སྤྱི་ཁྱབ་བློན་ཆེན་ཁག་ཅིག་སླེབས་ཡོད་འདུག་པས། ཐེངས་འདིའི་མཛད་སྒོ་ནི་ད་བར་གྲ་རྒྱས་ཤོས་ཤིག་ཆགས་ཡོད་འདུག

དེ་ཡང་ཟླ་༡༢ པའི་ཚེས་༡༨ ཉིན་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་པར་གྲོས་ཚོགས་རྐུབ་སྟེགས་༦༨ ནས་༤༤ ཐོབ་ནས་རྒྱལ་ཁ་ཆེན་པོ་བླངས་ཡོད་ཀྱང་། སྲིད་དོན་ཚོགས་པ་དེའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་འོས་མི་པཱེ་རེམ་ཀུ་མར་ཌུ་མལ་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་ཐུབ་མེད་པས། མངའ་སྡེའི་སྤྱི་ཁྱབ་དུ་ཐེངས་ལྔ་ཡི་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བྱེད་མྱོང་བའི་རང་ལོ་༥༢ ཡིན་པའི་ཇཡཱ་རམ་ཐཱ་ཀུར་བསྐོ་གཞག་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།

ཐེངས་འདིའི་མཛད་སྒོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཉམ་དུ་ཁོང་གིས་བསྐོ་གཞག་བྱས་པའི་མངའ་སྡེའི་བློན་ཆེན་བཅུ་ཡིས་དམ་འབུལ་བྱས་ཡོད་པ་དང་། དེའི་ཁོངས་སུ་བུད་མེད་གཅིག་ཡོད་འདུག་པ་དང་། དྷ་སའི་ཁུལ་ནས་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་མཁན་ཀི་ཤན་ཀ་པུར་ཡང་ཡོད་འདུག

ཟླ་༡༢ པའི་ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཇཡཱ་རམ་ཐཱ་ཀུར་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་དུ་བསྐོ་གཞག་བྱུང་བར་དགའ་བསུ་འཚམས་འདྲི་ཞུས་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་བཀོད་འདུག་པ་དང་། དེའི་ནང་“ ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་བཞག་གནང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ལྷག་པར་ཧི་མ་ཅཱལ་མངའ་སྡེ་འདིར་མཚོན་ན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཆགས་ཡོད་པ་མ་ཟད།  བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཤིག་ཀྱང་ཆགས་ཡོད་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཀྱང་ཆགས་ཡོད། ཕྱོགས་མཚུངས་མངའ་སྡེའི་ཡུལ་མི་དང་བོད་མིའི་དབར་གྱི་མཛའ་བརྩེའི་འབྲེལ་ལམ་ནི་ཧ་ཅང་སེམས་ཐག་ཉེ་བའི་ཁྱིམ་ཚང་གཅིག་པའི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད་པར་བརྟེན།  ངོས་ནས་ཀྱང་འབྲེལ་ལམ་དེ་སྔར་རྒྱུན་བཞིན་དམ་ཟབ་རྒྱུན་སྐྱོང་གནང་རྒྱུ་དང་སྲ་བརྟན་ཞིག་བསྐྲུན་ཐབས་གནང་རྒྱུ་ཡིན་པའི་རེ་བར་ཡོད། ང་རང་བོད་མི་བཙན་བྱོལ་བའི་འགོ་ཁྲིད་གཅིག་ཡིན་པའི་ཆ་ནས་སྐུ་ཉིད་མཆོག་གི་མི་ཚེའི་ཉམས་མྱོང་དང་།  རྒྱབ་ལྗོངས་ཐད་བསྔགས་བརྗོད་དང་ཡི་རངས་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།”ཞེས་འཁོད་འདུག

དེ་སྔོན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། ཐེངས་འདིའི་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་ནང་། བོད་མི་༡༤༠༠ ལྷག་གིས་མཉམ་ཞུགས་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༢ ཀློག་གྲངས།