རྒྱ་ནག་གི་བྱེད་སྟངས་ལ་ཊོམ་བློ་ཕམ་བྱུང་ཡོད་འདུག

རྒྱ་ནག་གིས་བྱང་ཀོ་རི་ཡར་གསང་བའི་ཐོག་ནས་སྣུམ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་རྗེས། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་བྱེད་སྟངས་ལ་བློ་ཕམ་བྱུང་སྐོར་བརྗོད་ཡོད་འདུག

ཟླ་༡༢ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ལྷོ་ཀོ་རི་ཡའི་གསར་ཤོག་ཁང་ཞིག་གིས། རྒྱ་ནག་གི་སྣུམ་འདྲེན་གྲུ་གཟིངས་ཀྱིས་བྱང་ཀོ་རི་ཡའི་སྣུམ་འདྲེན་གྲུ་གཟེངས་ལ་གསང་བའི་ཐོག་ནས་སྣུམ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། གནད་དོན་དེ་ཡང་ཨ་རིའི་གསང་བའི་འཕྲུལ་སྐར་གྱིས། ཟླ་༡༠ པ་ནས་ད་བར་ཐེངས་༣༠ ཙམ་བྱས་པར་བརྙན་ཐུང་བླངས་ཡོད་སྐོར་གྱི་གནས་ཚུབ་བཏོན་ཡོད་འདུག་ཀྱང་། ད་ལྟའི་ཆར་ཨ་རིའི་འབྲེལ་ཡོད་ལས་བྱེད་ཀྱིས་གནས་ཚུལ་དེ་ངེས་གཏན་ཡིན་པ་ཁས་ལེན་བྱས་མེད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་བརྒྱུད་ལམ་ཁག་ཏུ། སྣུམ་མཁོ་སྤྲོད་ཀྱི་གནས་ཚུལ་དེ་རིགས་འབྱུང་གི་ཡོད་སྲིད་སྐོར་བརྗོད་ཡོད་འདུག

ཟླ་༡༢ པའི་ཚེས་༢༨ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊུ་ཊེར་ཐོག་ཏུ། རྒྱ་ནག་གི་བྱེད་སྟངས་དེ་མིག་མཐོང་ལག་ཟིན་ཐོག་འཇུ་བཟུང་བྱུང་ཡོད་པ་དང་། དེ་ལ་བློ་ཕམ་ཆེན་པོ་ཡོད་པ། གལ་ཏེ་རྒྱ་ནག་གི་བྱེད་སྟངས་དེ་མུ་མཐུད་ནས་ཕྱིན་ན། བྱང་ཀོ་རི་ཡའི་དཀའ་རྙོག་དེར་ཞི་བའི་ཐབས་ལམ་མེད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་མཉམ་འབྲེལ་རྒྱལ་ཁབ་དང་ཨ་རི། དེ་བཞིན་ཡུ་རོབ་མཐུན་ཚོགས་སོགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་བརྟེན་ནས། དཔལ་འབྱོར་ཉེས་ཆད་ཐེངས་མང་པོ་བཏང་ཡོད་པ་དང་། རྒྱ་ནག་གིས་ཀྱང་དཔལ་འབྱོར་ཉེས་ཆད་དེ་དག་ལ་དང་ལེན་བྱ་རྒྱུར་ཁས་ལེན་དང་རྒྱབ་སྐྱོར་ཡང་བྱས་ཡོད་པས། ཐེངས་འདིའི་གནད་དོན་དེར་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས། བྱང་ཀོ་རི་ཡའི་གྲུ་གཟེངས་བཞི་རྒྱལ་སྤྱིའི་གྲུ་གཟེངས་འབབ་ཚུགས་ལ་འཛུལ་བཅུག་མེད་འདུག དེ་ཡང་གྲུ་གཟེངས་དེ་དག་གིས་བཀག་སྡོམ་བྱས་པའི་ཅ་དངོས་འཁྱེར་ཡོད་པའི་དོགས་པ་ཡོད་རྐྱེན་ཡིན་པ་དང་། ད་བར་མཉམ་འབྲེལ་རྒྱལ་ཁབ་ཀྱིས་བྱང་ཀོ་རི་ཡའི་གྲུ་གཟེངས་༨ དེ་ལྟར་བཀག་འགོག་བྱས་ཡོད་འདུག

ཉེ་བའི་ཆར་མཉམ་འབྲེལ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉེས་ཆད་གསར་པ་དེས། བྱང་ཀོ་རི་ཡས་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་འདུག་པས། བྱང་ཀོ་རི་ཡས་བྱེད་སྟངས་དེ་ནི་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོའི་དམག་སློང་བའི་བྱ་སྤྱོད་ཡིན་པ་དང་། ཁོ་ཚོའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་དེ་ནམ་ཡང་མཚམས་འཇོག་ཡོང་མི་སྲིད་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༢༥ ཀློག་གྲངས།