ང་དགུ་སྒྱུ་རྩལ་ཁང་སྒོ་འབྱེད།

ཟླ་འདིའི་ཚེས་༢༩ དགོང་མོ་དྷ་ས་ཁན་ཡ་རའི་ལམ་ཟུར་དུ་ང་དགུ་སྒྱུ་རྩལ་ཁང་སྒོ་འབྱེད་བྱས་ཡོད་པ་དང་། དེ་གཙོ་བོ་བོད་པའི་རི་མོ་བ་དང་། གློག་བརྙན་བཟོ་མཁན། རྩོམ་པ་པོ་སོགས་སྒྱུ་རྩལ་བ་ཚོ་འདུ་འཛོམས་དང་འབྲེལ་འདྲིས་ཡོང་ཆེད་དུ་ཡིན་པ་རེད།

ང་དགུ་སྒྱུ་རྩལ་ཁང་(STUDIO ’59 a residency for artists) སྒོ་འབྱེད་སྐབས་རྩོམ་པ་པོ་བུ་ཆུང་བསོད་ནམས་ཀྱིས། བོད་ཀྱི་དཔལ་ཡོན་འཕེལ་རིམ་གྱི་ལོ་རྒྱུས་ལ་བལྟས་ན། ཆོས་ལ་འཕེལ་རིམ་མང་པོ་བྱུང་ཡོད་པ་དང་། ཆབ་སྲིད་ལ་དེ་བས་འཕེལ་རིམ་མང་པོ་བྱུང་ཡོད་པ་རེད། ཡིན་ཡང་འགྱུར་བ་གཅིག་ཀྱང་མ་སོང་ས་དེ་བོད་ཀྱི་སྒྱུ་རྩལ་ལ་སྔོན་མ་ནས་མུ་མཐུད་འགྲོ་བསྡད་ཡོད་རེད་ལབ་ན་མ་འགྲིག་པ་མེད་པ་ལྟ་བུ་རེད། བཙན་བྱོལ་བོད་མིའི་ནང་ནས་ཀྱང་ཆེད་དུ་སྒྱུ་རྩལ་བ་གསོ་སྐྱོང་བྱེད་ཐུབ་མེད་པ་རེད་”ཅེས་ད་ལོ་ནས་བཙན་བྱོལ་གཞུང་གིས་གློག་བརྙན་བཟོ་མཁན་དང་རི་མོ་འབྲི་མཁན་ཚོར་མཐུན་རྐྱེན་སྤྲོད་འགོ་བརྩམས་ཡོད་སྐོར་དང་། བོད་པའི་སྤྱི་ཚོགས་ནང་ད་ལྟའི་ཆར་སྤྱིར་བཏང་རི་མོ་འབྲི་མཁན་དང་རྩོམ་པ་པོ་སོགས་མང་དུ་འགྲོ་ཡི་ཡོད་པས། མ་འོངས་པར་བོད་ཀྱི་སྒྱུ་རྩལ་ལ་རེ་བ་ཆེ་བ་ཡོད་སྐོར་གསུངས་སོང་།

སྒྱུ་རྩལ་ཁང་དེ་གསར་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱིས། གཙོ་བོ་བོད་པའི་སྒྱུ་རྩལ་འཕེལ་རྒྱུས་དང་གསར་བཏོད་མཁན་མཉམ་འཛོམས་ཀྱིས་གླེང་མོལ་ཡོང་ཆེད་ང་དགུ་སྒྱུ་རྩལ་ཁང་འགོ་འཛུགས་བྱས་པ་ཡིན་པ་དང་། སྒྱུ་རྩལ་ཐོག་ལས་ཀ་བྱེད་མཁན་མང་པོ་ཡོད་ནའང་། གང་སར་ཁ་འཐོར་བསྡད་ཡོད་པས། ཕན་ཚུན་འབྲེལ་ལམ་ཤེས་རྟོགས་བྱུང་གི་མེད་སྐོར་དང་། ད་ལྟ་འདིར་མཉམ་འཛོམས་བགྲོ་གླེང་བྱེད་ས་ཡོད་པ་དང་། དེབ་འབྲི་མཁན་དང་རི་མོ་འབྲི་མཁན་ཡིན་ན་ཆེད་དུ་འདུག་ས་འཚམས་ཁང་ཡོད་སྐོར་ཡང་འབྲེལ་བརྗོད་གནང་སོང་། མཇུག་ཏུ་སྙན་ངག་སྒྲོགས་སྦྱང་དང་གློག་བརྙན་བཤམ་སྟོན་བྱས་ནས་མཛད་སྒོ་གྲོལ་ཡོད་པ་རེད། ད་ལྟའི་ཆར་དེར་རྩོམ་པ་པོ་དང་རི་མོ་བ། གློག་བརྙན་བཟོ་མཁན་ཁག་ཅིག་བསྡད་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༠༦ ཀློག་གྲངས།