ཕྱི་ལོ་༢༠༡༧ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཤོས་བཅུ།

༡) ཨ་རིའི་སྲིད་འཛིན་ཊོམ་གྱི་དམ་འབུལ།

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས། བརྒྱུད་ལམ་ཁག་གི་བསམ་ཤོག་བསྡུ་ལེན་གཙོས་པའི་དཔྱད་བརྗོད་པ་མང་པོ་ཞིག་གིས། མང་གཙོ་ཚོགས་པའི་འོས་མི་ལྕམ་ཧཱི་ལ་རི་ཁེལ་ཌོན་ལ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། དངོས་སུ་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊོམ་ལ་རྒྱལ་ཁ་ཐོབ་ནས། ཟླ་༡ པོའི་ཚེས་༢༠ ཉིན་དམ་འབུལ་མཛད་སྒོ་འཚོགས་ཡོད་པ་རེད། མཛད་སྒོའི་སྐབས་ཁོང་གིས་ཚོང་འབྲེལ་སོགས་རྒྱལ་ཁབ་ཀྱི་སྲིད་ཇུས་ཚང་མར་ཨ་རིའི་ཁེ་ཕན་དང་པོར་བརྩི་རྒྱུ་ཡིན་སྐོར་བསྒྲགས་ནས། རྒྱལ་སྤྱིའི་གྲོས་མཐུན་ཁག་ཅིག་ནས་ཕྱིར་འཐེན་བྱས་པས། འཛམ་གླིང་གི་འགོ་ཁྲིད་ལ་རྒྱ་ནག་ཆགས་པའི་བརྒྱུད་རིམ་འགོ་བཙུགས་ཡོད་པ་རེད་དེ། རྒྱ་ནག་དེ་ཨ་རི་ལྟར་ཆགས་ཐུབ་མིན་ངེས་གཏན་མེད་པ་རེད།།

༢) བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་བཀག་འགོག་ཡོང་ཆེད། ཨ་རི་དང་མཉམ་འབྲེལ་རྒྱལ་ཁབ་བརྒྱུད་ནས་དཔལ་འབྱོར་ཉེས་ཆད་མང་པོ་བཏང་བ་མ་ཟད། དམག་འཁྲུག་གི་སྡིགས་ར་མང་པོ་ཞིག་བསྐུལ་ཡོད་ཀྱང་། བྱང་ཀོ་རི་ཡས་རྡུལ་མཚོན་ལས་གཞི་མུ་མཐུད་སྤེལ་ནས། ལོ་མཇུག་ཏུ་ཨ་རིའི་ས་ཁྱོན་ཡོངས་ལ་སྙོབ་ཐུབ་པའི་རྡུལ་མཚོན་འཁྱེར་ཆེད་ཀྱི་མེ་ཤུགས་འཕུར་མདའ་བཟོ་སྐྲུན་ཐུབ་ཡོད་པ་དང་། ད་ལྟའི་ཆར་དཔལ་འབྱོར་ཉེས་ཆད་གསར་པ་མང་པོ་བཏང་ཡོད་ཁར། རྩོད་རྙོག་དེ་མུ་མཐུད་འགྲོ་བཞིན་ཡོད་པ་རེད།།

༣) ཞི་ཅིན་ཕིང་རྒྱ་ནག་གི་རླབས་ཆེན་འགོ་ཁྲིད་ཆགས་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་འཛིན་བྱས་ནས་ལོ་ལྔ་འཁོར་རྗེས། རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་༡༩ པ་དེ་ཟླ་༡༠ པའི་འཚོགས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་སླར་ཡང་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་ཁོང་གི་བསམ་བློ་འཇོག་རྒྱུར་སྤྱི་མོས་བྱུང་བ་མ་ཟད། རླབས་ཆེན་གྱི་དབུ་ཁྲིད་ཅེས་པའི་མཚན་གནས་ཡང་ཐོབ་ཡོད་པས། ཁོང་གི་དབང་ཆ་གཅིག་སྡུད་ཀྱི་འཆར་གཞིར་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད།།

༤) རུང་གྷི་ཡའི་སྐྱབས་བཅོལ་དཀའ་ངལ།

མང་གཙོའི་ལམ་སུ་བསྐྱོད་འགོ་བཙུགས་ནས་ཡུན་རིང་མ་སོང་བའི་འབར་མའི་རྒྱལ་ཁབ་ནང་། ཁ་ཆེ་གྲངས་ཉུང་མི་རིགས་མང་ཤོས་སྡོད་ཡུལ་གྱི་མངའ་ཁུལ་དུ། དྲག་སྤྱོད་པས་ཉེན་རྟོག་ཁང་༣༠ ལ་དྲག་རྒོལ་བྱས་ཡོད་སྐོར་བརྗོད་ནས། དམག་མི་དང་ཉེན་རྟོག་པས་ཁུལ་དེར་དྲག་རྒོལ་འཚབ་ཆེན་བྱས་ཡོད་པས། ཁ་ཆེ་རུང་གྷི་ཡ་མི་རིགས་འབུམ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་ཕྱིན་ནས། རྒྱལ་སྤྱིའི་ནང་སྐྱབས་བཅོལ་བའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། དམག་མིའི་དྲག་སྤྱོད་དེ་འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅིས་སྐྱོན་བརྗོད་གང་ཡང་བྱས་མེད་རྐྱེན། ཁོང་ལ་སྐྱོན་བརྗོད་དང་ངོ་རྒོལ། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་དགོས་པའི་ཞུ་གཏུག་བྱེད་མཁན་མང་པོ་བྱུང་ཡོད་པ་རེད། དེ་ཡང་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་དབང་ཚད་དེ་ཨང་སན་སུ་ཅི་མེད་པས། དེ་ལ་ཁ་གཏད་གཅོག་རྒྱུར་ཆབ་སྲིད་ཀྱི་ནོར་འཁྲུལ་ཞིག་ཡིན་པར་དཔྱད་བརྗོད་བྱེད་མཁན་ཡང་མང་པོ་བྱུང་ཡོད་པ་རེད། དེ་བཞིན་ད་ལྟའི་ཆར་སྐྱབས་བཅོལ་བ་དེ་དག་འབར་མར་ཕྱིར་ལོག་པའི་ལས་དོན་གྱི་བརྒྱུད་རིམ་འགྲོ་བཞིན་པ་རེད།།

༥) ཇུ་རུ་སི་ལམ་གྱི་བདག་དབང་ཐད་རྩོད་རྙོག་ཆེ་རུ་ཕྱིན་པ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཟླ་༡༢ པའི་ཚེས་༦ ཉིན་དཀྱིལ་ཤར་ཡུལ་གྲུའི་ནང་རྩོད་རྙོག་ཆེ་ཤོས་ཀྱི་གནས་ཆེན་ཇུ་རུ་སི་ལམ་དེ་ཇིའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨ་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་པའི་གསལ་བསྒྲགས་བྱས་རྐྱེན། དེའི་བདག་དབང་ལ་རྩོད་མཁན་ཁ་ཆེའི་རྒྱལ་ཁབ་པེ་ལི་སི་ཐན་གཙོས་པའི་ཁ་ཆེའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤེ་ཇུ་རུ་སི་ལམ་དེ་པེ་ལི་སེ་ཐན་གྱི་རྒྱལ་སར་ངོས་འཛིན་གྱི་གསལ་བསྒྲགས་བྱས་ཏེ། ཊོམ་ལ་ཁ་གཏད་བཅག་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་༡༢༨ ཀྱིས་ཊོམ་གྱི་ཐག་གཅོད་ལ་ངོ་རྒོལ་གྱིས་ངོས་འཛིན་དེ་ཕྱིར་བསྡུ་དགོས་སྐོར་གྱི་གྲོས་ཆོད་བཞག་ཡོད་པ་རེད། ཨ་རིས་གྲོས་ཆོད་དེར་ཁས་ལེན་བྱས་མེད་པ་མ་ཟད། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་སོང་ལ་ཨ་རིའི་དངུལ་འབོར་སྤྲོད་པའི་ཁོངས་ནས་ཨ་སྒོར་ས་ཡ་མང་པོ་མར་བཅག་ཡོད་པ་རེད། ཇུ་རུ་སི་ལམ་གྱི་རྩོད་རྙོག་དེ་མུ་མཐུད་གནས་བཞིན་ཡོད།།

༦) ཀེ་ཌ་ལོ་ན་ཡའི་རང་བཙན་ལས་འགུལ།

ཡུ་རོབ་སེ་པན་གྱི་རང་སྐྱོང་མངའ་ཁུལ་ཀེ་ཌ་ལོ་ནི་ཡར་ཟླ་༡༠ པའི་ཚེས་༡ ཉིན་སི་པན་ནས་ཁ་བྲལ་ནས་རང་བཙན་རྒྱལ་ཁབ་ཅིག་ཆགས་འདོད་ཡོད་མེད་ཐད། མང་མོས་འོས་བསྡུ་ཐག་གཅོད་བྱས་ཡོད་པ་དང་། དེའི་གྲུབ་དོན་དུ་མཉམ་ཞུགས་པའི་མི་མང་བརྒྱ་ཆ་༤༣ ཁོངས་ནས་བརྒྱ་ཆ་༩༠ ལ་ཉེ་བས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། རྗེས་སུ་ཁུལ་དེའི་གྲོས་ཚོགས་དང་འཛིན་སྐྱོང་གིས་རང་བཙན་བསྒྲགས་གཏམ་སྤེལ་ནས་སི་པན་གཞུང་དང་གྲོས་མོལ་ཡོང་ཐབས་བྱས་ཀྱང་། སེ་པན་གཞུང་གིས་འོས་བསྡུ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ངོས་འཛིན་བྱས་ཏེ། མངའ་ཁུལ་གཞུང་གི་འགོ་ཁྲིད་རྣམས་ཕྱིར་འབུད་བཏང་བ་མ་ཟད། འགོ་ཁྲིད་ཁག་ཅིག་འཛིན་བཟུང་བྱས། དེ་རྗེས་བསྐྱར་དུ་གྲོས་ཚོགས་འོས་བསྡུ་བྱེད་དུ་བཅུག་པས། གྲུབ་དོན་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་དོན་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་ཡོད་ཀྱང་། སེ་པན་གཞུང་གིས་གཞུང་འཛིན་གྱི་དབང་ཚད་དེ་རང་བཙན་ལ་ཁ་གཏད་གཅོག་མཁན་གྱི་སྲིད་དོན་ཚོགས་པར་སྤྲོད་རྒྱུ་ཡིན་པའི་བརྡ་ལན་སྤྲད་ཡོད་པ་རེད།།

༧) ཨེ་སི་སི་འཇིགས་སྐུལ་ཚོགས་པར་ཕམ་ཉེས་བྱུང་བ།

སི་རི་ཡ་དང་ཨི་རག་ནང་རྟེན་གཞི་བྱས་པའི་ཨེ་སི་སི་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཚོགས་པས། ཁུལ་དེ་གཉིས་ཀྱི་ས་ཁོངས་མང་པོ་ཞིག་དབང་སྒྱུར་བྱས་པ་མ་ཟད། རྒྱལ་སྤྱིའི་ནང་དུ་ཡང་དྲག་སྤྱོད་སྤེལ་བ་རེད། དེ་ལ་རྒོལ་ལན་བྱེད་མཁན་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་དང་། ཨུ་རུ་སུ། དེ་བཞིན་ཀེར་ཌ་མི་རིགས་དམག་མི་སོགས་ཀྱིས་ལོ་གསུམ་རིང་དམག་འཐབ་བྱས་མཐར། ལོ་འདིའི་ནང་ཚོགས་པ་དེར་ཕམ་ཉེས་བཏང་ནས་ས་ཆ་རྣམས་ཚུར་བླངས་ནས། ཁུལ་དེའི་མི་སེར་རྣམས་ལ་མྱུར་སྐྱོབ་ཀྱི་སྨན་བཅོས་བྱེད་འགོ་བཙུགས། འོན་ཀྱང་ཚོགས་པ་དེའི་ཚོགས་མི་མང་པོ་ཞིག་བྲོས་བྱོལ་ཐུབ་ཡོད་པས། ཉེན་ཁ་མུ་མཐུད་གནས་བཞིན་པ་རེད།།

༨) ཡུ་རོབ་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད།

ལོ་འདིའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་། སེ་པན། དབྱིན་ཡུལ་སོགས་ལ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིའི་ཚོགས་མི་སྒེར་གྱིས། དོལ་སྐྱེལ་རླངས་འཁོར་སོགས་བེད་སྤྱད་ནས། མི་མང་འདུ་འཛོམས་སོགས་ཀྱི་ས་གནས་ཁང་ལ་དྲག་རྒོལ་བྱས་ཏེ། མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཆེན་པོ་ལྷག་ཡོད་པ་རེད། དེ་བཞིན་ཨ་རིའི་ཁུལ་དུ་ཡང་དྲག་སྤྱོད་ཀྱི་གནས་ཚུལ་ཆེན་པོ་ཁག་ཅིག་བྱུང་ཡོད་པ་རེད།།

༩) ཚན་རིག་པ་སྟོང་ཕྲག་བཅུ་དྲུག་ལས་མང་བའི་ཉེན་བརྡ།

འཛམ་གླིང་ནང་གི་ཚན་རིག་པ་སྟོང་ཕྲག་བཅུ་དྲུག་ལས་མང་བས་མིང་རྟགས་བཀོད་ནས། འགྲོ་བ་མིའི་རིགས་ལ་འཛམ་གླིང་གི་ཁོར་ཡུག་གནས་སྟངས་ཚབས་ཆེན་ཆགས་ཉེན་ཡོད་པའི་ཉེན་བརྡའི་ཡི་གེ་ཞིག་བཏང་ཡོད་པ་དང་། དེའི་ནང་འགྲོ་བ་མིའི་རིགས་ཀྱི་བྱེད་ལས་རང་བྱུང་གི་ཁོར་ཡུག་གཉིས་བར་གདོང་ཐུག་འགྲོ་བཞིན་ཡོད་འདུག ཁོར་ཡུག་ལ་གཏོར་སྐྱོན་གྱི་བྱེད་ལས་མཚམས་འཇོག་མ་བྱས་ཚེ། མ་འོངས་པར་ཉེན་ཚབས་ཆེན་པོ་ཡོད་པ་དང་། གལ་ཏེ་མིའི་རིགས་རྣམས་ལ་རང་ཉིད་ཀྱི་བྱ་སྤྱོད་འགྱུར་བ་གཏོང་བའི་སྤྱི་པའི་གནོན་ཤུགས་ཁྱབ་ཆེན་པོ་མ་བྱུང་ཚེ། འཛམ་གླིང་ལ་གཏོར་སྐྱོན་ཚབས་ཆེན་དང་ཕྱིར་ལྡོག་མི་ཐུབ་བྱུང་རྒྱུ་ཡིན་སྐོར་བསྒྲགས་ནས། ཁོར་ཡུག་གནས་སྟངས་ཐད་ཀྱི་ཉམས་ཞིབ་གྲུབ་དོན་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

༡༠) ཡུ་རོབ་ཀྱི་འོས་བསྡུ།

ལོ་འདིའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་འོས་བསྡུ་བྱས་ཡོད་པ་དང་། གླིང་ཕྲན་དེའི་ནང་སྐྱབས་བཅོལ་བ་ཕོན་ཆེན་སླེབས་བཞིན་པའི་དཀའ་ངལ་དང་བསྟུན། ཕྱི་མི་ལ་སྡང་སེམས་བསྐྲུན་མཁན་གྱི་མི་རིགས་རིང་ལུགས་པ་མཁྲེགས་འཛིན་མཁན་གྱི་འོས་མི་དང་སྲིད་དོན་ཚོགས་པ་ཁག་ཅིག་གིས། འོས་བསྡུར་ཤུགས་རྐྱེན་ཡོང་ཐབས་འབད་ཡོད་ཀྱང་། ཧྥ་རན་སིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་གཉིས་ཀར། བར་གནས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་ཨེ་མུལ་མེར་ཁོན་དང་ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། རྒྱལ་ཞེན་རིང་ལུགས་པ་ལྕམ་མཱེ་རན་ལི་པན་ལ་ཕམ་ཉེས་ཆེན་པོ་བྱུང་། དེ་བཞིན་ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་འཇར་མན་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས། ཐེངས་༣ སྲིད་བློན་བྱས་ཟིན་པའི་ལྕམ་ཨེན་ཇེ་ལ་མེར་ཁེལ་གྱི་སྲིད་དོན་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་ཡོད་ཀྱང་། དམག་ཆེན་གཉིས་པའི་རྗེས་སུ་ཐེངས་དང་པོར། འཇར་མན་གྱི་གྲོས་ཚོགས་ནང་རྒྱལ་ཞེན་མཁྲེགས་འཛིན་ཚོགས་པར་རྐུབ་སྟེགས་ཐོབ་ཡོད་པ་དང་། དེ་ཡང་རྐུབ་སྟེགས་༩༤ ཐོབ་ནས། རྒྱལ་ཁབ་དེའི་ནང་སྐྱབས་བཅོལ་བ་དང་ལྷག་པར་ཁ་ཆེ་ཆོས་ལུགས་ཀྱི་མི་རིགས་ལ་སྡང་སེམས་ཤུགས་ཆེ་འགྲོ་བཞིན་པའི་རྣམ་པ་ཐོན་ཡོད་པ་རེད།།

Share this:
༢༢༤ ཀློག་གྲངས།