༢༠༡༧ ལོའི་བཙན་བྱོལ་བོད་མིའི་གསར་འགྱུར་ཆེ་ཁག་བཅུ།

༡༽ ཟླ་༡ པོའི་ཚེས་༢ ནས་༡༤ བར་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ པ་གནང་ཡོད་པ་དང་། སྐབས་དེར་བོད་ནས་འབྱོར་བའི་ཆོས་ཞུ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་འཇིགས་སྐུལ་ཉེན་བརྡ་བཏང་ཡོད་སྟབས་དུས་དབང་ཆ་ཚང་ཞུ་མ་ཚར་གོང་ནས་ཕྱིར་བོད་དུ་ལོག་དགོས་ཁེལ་ཡོད་པ་རེད།

༢༽ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཕྱི་ཟླ་༡ པོའི་ནང་། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་སློབ་དཔོན་ཆེན་མོ་ཨེ་ལོ་ཊ་ སཱི་ཕེར་ལེན་ (Elliot Sperling) སྐུ་གྲོངས་རྗེས་ཁོང་ལ་རྗེས་དྲན་ཆེད་རྩོམ་ཡིག་ལོ་༡༡༣ ལ་འདུག་དགོས་པ་དེ་ཁྱེད་ཡིན་ཞེས་པ་བྲིས་ནས་སྤྱི་ཚོགས་དྲ་ལམ་ཁག་དང་མང་ཚོགས་ཁྲོད་༧གོང་ས་མཆོག་ལ་ཟུར་ཟ་ཡིན་སྐོར་གྱི་གླེང་སློང་ཤུགས་ཆེན་པོ་བྱུང་བ་དང་། ལྡི་ལིའི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་། ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་ཀྱང་རྩོམ་དེ་༧གོང་ས་མཆོག་ལ་ཟུར་ཟ་ཡིན་པས། དེར་ངོ་རྒོལ་ཡོད་སྐོར་གྱི་གཏམ་བཤད་སྤེལ་ཡོད་པ་མ་ཟད། ཕྱི་ཟླ་༣ པའི་གྲོས་ཚོགས་ནང་བཀའ་སྤྱི་གཉིས་ནས་ཟུར་ཟ་ཡིན་མིན་ལ་བགྲོ་གླེང་ཤུགས་ཆེན་བྱས་ཏེ། གནས་ཚུལ་རྒྱ་ཁྱབ་སུ་སོང་ཡོད་པ་རེད། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་རྩོམ་དེ་ནི་ཟུར་ཟ་མ་ཡིན་པར་སྒྱུ་རྩལ་རྩོམ་རིགས་ཀྱི་ཁྱབ་ཁོངས་ནས་འབྲི་སྟངས་ཤིག་ཡིན་པའི་གསལ་བཤད་བྱས། ཟླ་༣ པའི་ཚེས་༢༢ ཉིན་གྱི་མཚན་མོར་ཨ་ཚོགས་ཚང་གི་རླངས་འཁོར་ལ་ངོ་རྟགས་མ་ཆོད་པའི་མི་ཞིག་གིས་རྡོ་གཞུས་ཏེ་ཤེལ་སྒོ་བཅག་པའི་གནས་ཚུལ་བྱུང་།

༣༽ ༢༠༡༧ ལོའི་གསུམ་བཅུའི་དུས་དྲན་དྷ་ས་གཙོས་བོད་མི་གནས་སྡོད་བྱེད་སའི་ས་གནས་ཚང་མར་སྲུང་བརྩི་བྱས་པ་དང་། མི་མང་གིས་རྒྱ་ནག་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་རེད།

༤༽ ཕྱི་ཟླ་༦ པའི་ཚེས་༤ ཡི་དགོང་མོར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་༡༥ པ་འཚོགས་པ་དང་། རྒྱལ་ཁ་བསྟན་འཛིན་དཔལ་སྒྲོན་ལ་ཐོབ་ནས་ཕྱི་ལོ་༢༠༡༧ ལོའི་བོད་ཀྱི་མཛངས་མ་ཆགས། ཁོང་ཕྱི་ཟླ་༡༡ པའི་ནང་༢༠༡༧ ལོའི་གོ་ལའི་མཛངས་མ་འགྲན་སྡུར་ནང་ཞུགས་ནས་“ང་ནི་འདིར་མཛེས་སྡུག་ལྡན་པའི་བོད་རྒྱལ་ཁབ་ཀྱི་སྐུ་ཚབ་ཏུ་ཡོང་བ་ཡིན།”ཞེས་བརྗོད་ཡོད་པ་རེད།།

༥༽ ཟླ་༧ པའི་ཚེས་༡༤ ཉིན་ཝར་ན་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱིས་མཐོ་སློབ་ཀྱི་བུའི་སྡོད་ཁང་གི་རྒྱལ་སྒོའི་འགྲམ་དུ་རང་ལུས་མེར་སྲེག་གནང་སྟེ། ཟླ་དེའི་ཚེས་༢༢ ཉིན་ལྡི་ལིའི་ས་ཧྥེ་ཌར་ཇོང་སྨན་ཁང་དུ་འདས་གྲོངས་གྱུར་ཡོད་པ་དང་། ཁོང་གི་ཁ་ཆེམས་ཡི་གེའི་ནང་བོད་ཀྱི་ཆེད་དུ་མེར་སྲེག་གནང་བ་ཡིན་སྐོར་དང་། བོད་ཀྱི་སྐད་ཡིག་ཡག་པོ་སྦྱོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

དེ་བཞིན་ཕྱི་ཟླ་༧ པའི་ཚེས་༢༩ ཉིན་དོན་གྲུབ་བདེ་ནུབ་ཀྱིས་དྷ་ས་གཙུག་ལག་ཁང་གི་མཐའ་སྐོར་ལམ་དུ། རང་སྲེག་བཏང་ནས་སྐུ་གྲོངས་ཡོད་པ་དང་། ཚིགས་ཤུལ་དུ་རས་ཁུག་དམར་པོ་ཞིག་ནང་བོད་ཀྱི་རྒྱལ་དར་ཞིག་ཡོད་པ་རེད།།

༦༽ ཟླ་༨ པའི་ཚེས་༡ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དཔའ་བོའི་རྡོ་རིང་མདུན་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ དང་ཟླ་༡༠ ཚེས ༡ ཉིན་ཁག་སོ་སོར་ལྷ་ས་འབྲས་སྤུངས་དང་། སེ་རའི་དགེ་འདུན་པ་ཚོས་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་གནང་ནས་མི་ལོ་ཧྲིལ་པོ་༣༠ འཁོར་བ་དང་བསྟུན། སྐབས་དེའི་ལས་འགུལ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་སྐབས། ཨ་རི་ནས་ཡོང་བའི་རྒྱ་མོ་ཀྲུའུ་ཝེན་ཆི་(Zhu Wen qi) ཟེར་བས་ཇེམ་ཙེ་བཟུང་ནས་འགྲེམས་སྟོན་གྱི་འདྲ་པར་གཏུབ་རྩིས་བྱས་པ་དང་། བོད་རྒྱ་ཁོངས་ཡིན་སྐོར་བརྗོད་ཡོད་པར། དགུ་བཅུ་གསུམ་གྱི་ཚོགས་གཙོ་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་རྒྱ་མོ་དེ་ལ་གསལ་བཤད་བྱས་སྐབས། མོས་སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་གྱི་གདོང་ལ་ལག་པ་འཆང་ཡོད་པ་དང་། གསར་འགོད་པ་ཞིག་ལ་ཁུ་ཚུར་ཞུས་པ་བཅས་ཀྱི་ཐོག་ནས་འགྲེམས་སྟོན་ལ་ངོ་རྒོལ་བྱས་ཡོད་པ་རེད།།

༧༽ ཟླ་༡༠ པའི་ཚེས་༢༨ ཉིན་དྷ་ས་བོད་ཀྱི་ཟློས་གར་དུ། གཡག་རྩེད་རིགས་ཚོགས་པས་གོ་སྒྲིག་བྱས་པའི་བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོ་འཚོགས་པ་དང་། རྒྱལ་ཁའི་རྟགས་མ་རྒྱ་གར་བྷེང་ལོར་ནས་ཁྲིམས་ལུགས་རིག་པའི་སློབ་མ་ཉི་མ་ལ་ཐོབ་ནས་ཁོང་ལ་བྱ་དགའ་ཧིན་སྒོར་འབུམ་༡ དང་ཁྲི་༡ ཐོབ་ཡོད་པ་རེད།

༨༽ ཟླ་༡༢ པའི་ནང་བརྒྱུད་ལམ་ཁག་ཅིག་ཏུ་ཕྱི་ཟླ་༡༡ ནང་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཕེབས་པའི་གནས་ཚུལ་ཞིག་སླེབས་པ་དང་། ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སློབ་དཔོན་ཞིག་གི་དྲན་གསོའི་ལྷན་ཚོགས་ཏུ་ཕེབས་ནས་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་ཉེ་ཆར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་ཡོད་མེད་དང་འབྲེལ་ནས་དྲི་བ་དྲིས་སྐབས། “གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་མེད། འོན་ཀྱང་ངའི་བསམ་ཚུལ་བྱས་ན་ང་ཚོས་གནས་ཚུལ་དེར་དཔྱད་པ་མང་པོ་བྱེད་མི་དགོས་པ་དང་། དེ་ནི་ཕལ་ཆེར་སྒེར་གྱི་མཚམས་གཟིགས་ཤིག་ཡིན་གྱི་རེད་ལ། ད་ལྟའི་ཆར་དེའི་སྐོར་གང་ཡང་ལབ་རྒྱུ་སྔ་དྲགས་པ་རེད་”ཅེས་སྲིད་སྐྱོང་གིས་ལན་འདེབས་བྱས་འདུག་ཀྱང་། རྗེས་སུ་རྒྱ་གར་གྱི་གསར་ཤོག་ཊེར་བྷོན་(The Tribune)ཐོག ༧གོང་ས་མཆོག་རྒྱ་ནག་ལ་ཕེབས་སྲིད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བརྗོད་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་བདེན་པ་མིན་པའི་གསལ་བཤད་བྱས་ཡོད་པ་མ་ཟད། ཟམ་གདོང་རིན་པོ་ཆེས་ཀྱང་ཁོང་བོད་ལ་ཕེབས་པའི་གནས་ཚུལ་དེ་གཞི་མེད་ཀྱི་དཀྲོགས་གཏམ་ཡིན་སྐོར་གསུངས་ཡོད་པ་རེད།།

༩༽ ཟླ་༡༡ པའི་ཚེས་༧ ཉིན་བཀའ་དྲུང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་ནས། ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༠༧ ཉིན་བཀའ་ཤག་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་དོན་ལྟར། ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༠༡ ནས་ལས་འཁུར་འགོ་འཛུགས་རྒྱུ་ཡིན་སྐོར་འཁོད་ཡོད་པ་དང་།  དེ་རྗེས་གནས་ཚུལ་དེའི་ཐོག་མང་ཚོགས་ཁྲོད་གླེང་སློང་བྱུང་སྟབས་བཀའ་ཤག་ནས་ཕྱི་ཟླ་༡༡ པའི་ཚེས་༩ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་ལག་བསྟར་གྱི་བརྒྱུད་རིམ་ག་འདྲ་ཞིག་གི་ཐོག་ནས་ཡར་ཇི་ལྟར་བསྐོ་བཞག་བྱས་པ་བཞིན་མར་ཕབ་པ་ཡིན་སྐོར་དང་། དེ་རྗེས་ཕྱི་ཚེས་༡༨ ཉིན་གསལ་བཤད་དོན་ཚན་བཅུ་སྤེལ་བ་སོགས་ཀྱི་སྒོ་ནས་ཡིག་ངག་གཉིས་ཐོག་ནས་མང་ཚོགས་ཁྲོད་གསལ་བཤད་བྱས་ཡོད་ཀྱང་། མང་ཚོགས་ཁག་ཅིག་གིས་གནད་དོན་དེ་དང་འབྲེལ་བའི་ཐོག་ནས་བཀའ་ཤག་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་བཀའ་ཤག་གི་གསལ་བཤད་ལ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་ཀྱང་ཟླ་༡༢ པའི་ཕྱི་ཚེས་༥ ཉིན་བཀའ་ཤག་གི་གསལ་བཤད་དོན་ཚན་བཞི་ལ་ལན་འདེབས་ཀྱི་གསལ་བཤད་གནང་།

༡༠༽ ཟླ་༡༢ པའི་ཚེས་༡ ཉིན། དེ་སྔོན་ཕྱི་ལོ་༢༠༡༥ ལོའི་ཟླ་༡༠ པའི་ཚེས་༣༠ ཡི་དགོང་མོར། དྷ་ས་མེག་གྷན་དུ་བོད་མི་ཞིག་ལ་གྲི་བརྒྱབ་སྟེ་གསོད་མཁན་ལག་དམར་རྒྱ་གར་བ་གསུམ་ལ་དྷ་ས་ཀང་རཱ་རྫོང་ཁོངས་ཀྱི་ཁྲིམས་ཁང་ནས། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཐོག་ཧིན་སྒོར་༥༠༠༠༠ རེ་ཆད་པ་བཅད་ཡོད་པ་རེད།།

Share this:
༣༨༣ ཀློག་གྲངས།