གཅན་ཚ་ཐང་ཞང་གི་འབྲོག་ཁྱིམ་༢༣༠ ལྷག་བཙན་གྱིས་གནས་སྤོ་བྱེད་འཇུག་གི་ཡོད་འདུག

རྒྱ་ནག་གཞུང་གིས་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཟེར་བ་ཞིག་ལག་བསྟར་བྱས་ཏེ་མདོ་སྨད་གཅན་ཚ་རྫོང་། ཐང་ཞང་གི་འབྲོག་སྡེ་བཞིའི་འབྲོག་ཁྱིམ་༢༣༠ ལྷག་བཙན་གྱིས་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་འདུས་སྡོད་ཁང་དུ་གནས་སྤོ་བྱེད་དུ་བཅུག་སྟེ་འབྲོག་ཁྱིམ་དེ་དག་གི་རྩྭ་ས་གཞུང་བཞེས་བྱེད་འཆར་ཡོད་འདུག

ཕྱི་ཟླ་༡༢ པའི་ཕྱི་ཚེས་༢༩ ཉིན་འབྲེལ་ཡོད་འབྲོག་པ་ཞིག་གིས་བོད་ནས་གནས་ཚུལ་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་གནད་འཁེལ་དབུལ་སྐྱོར་ཟེར་བའི་སྲིད་ཇུས་ཤིག་ལག་བསྟར་བྱས་ཏེ་མདོ་སྨན་གཙན་ཚ་རྫོང་ཁོངས་ཀྱི་ས་སྒ་ཉག་ག་ཞེས་པའི་ས་ཆར་བདེ་འཇགས་མིན་པའི་སྡོད་ཁང་༣༠༠ འཛུགས་སྐྲུན་བྱས་ཏེ་གཅན་ཚ་ཐང་ཞང་གི་འབྲོག་སྡེ་༧ ནས་འབྲོག་སྡེ་༤ ཡི་དབུལ་ཁྱིམ་༢༣༠ ས་སྒ་ཉག་གར་གནས་སྤོ་བྱེད་འཇུག་འཆར་ཡོད་འདུག

འབྲེལ་ཡོད་འབྲོག་པ་དེས་བརྗོད་དོན། “དབུལ་སྐྱོར་གནས་སྤོའི་སྡོད་ཁང་འཛུགས་སྐྲུན་ལས་གཞི་དེ་ཕྱི་ལོ་༢༠༡༦ ལོ་ནས་འགོ་བཙུགས་པ་དང་། སྡོད་ཁང་འཛུགས་སྐྲུན་གྱི་འགྲོ་གྲོན་འབྲོག་པ་དབུལ་ཁྱིམ་གཅིག་གིས་རྒྱ་སྒོར་ཁྲི་གཅིག་དང་རྒྱལ་ཁབ་ཀྱིས་རྒྱ་སྒོར་ཁྲི་གཅིག་བྱིན་ནས་ལས་པ་རེད། ཐོག་མར་མི་དམངས་སྲིད་གཞུང་གིས་འབྲོག་པ་མང་ཚོགས་ལ་དབུལ་སྐྱོར་གནས་སྤོའི་སྡོད་ཁང་འཛུགས་སྐྲུན་ལས་གཞི་དེ་ལ་ཁག་ཐེག་གན་རྒྱ་དང་གྲོས་མཐུན་ཡིག་ཆ་ཟེར་བ་ཞིག་ལ་མཛུབ་ཐེལ་རྒྱག་ཏུ་བཅུག་པ་རེད། ཡིག་ཆ་དེ་དག་གི་ནང་དུ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་གནས་སྤོ་འདུས་སྡོད་ཁང་ནང་ལ་སྤོར་རྗེས། འབྲོག་པ་སོ་སོའི་འབྲོག་ཁུལ་གྱི་མཚེར་ས་ཚང་མ་བཤིག་ནས་བདེ་ཐང་བཟོ་དགོས་པར་མ་ཟད། རྩྭ་ས་ཡང་གནས་སྐབས་སུ་འབྲོག་ཁྱིམ་སོ་སོར་དབང་ནའང་། གལ་ཏེ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱེད་དགོས་བྱུང་ཚེ། རྩྭ་སའི་བདག་དབང་རྒྱལ་ཁབ་ལ་མ་གཏོགས་འབྲོག་པ་མང་ཚོགས་ལ་མེད་ཅེས་བཤད་འདུག འབྲོག་པ་ཚོས་ཡི་གེ་མི་ཤེས་པས། གྲོས་མཐུན་གན་རྒྱ་ཟེར་བ་དེའི་ནང་དོན་ཡག་པོ་ཞིག་ཤེས་མེད་ནའང་། ཁོ་ཚོར་མོས་མཐུན་གྱི་མཛུབ་ཐེལ་རྒྱག་ཏུ་བཅུག་པ་རེད། འབྲོག་པ་ལ་ལས་རྒྱལ་ཁབ་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ་རེད་ཟེར་སྐབས། དེའི་དམིགས་ཡུལ་ཅི་ཡིན་པ་མ་ཤེས་པར། དགའ་ནས་ལས་གཞི་དེ་ལ་མོས་མཐུན་བྱས་འདུག ཡང་ཟོག་ལུག་ཡོད་མཁན་རེ་འགས་གལ་ཏེ་མ་འོངས་པར་རྩྭ་ས་མེད་སོང་ན་དཀའ་རྒྱུ་རེད་ཟེར་ནས་ལས་གཞི་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་ཡང་བསྟན་པ་རེད། གང་ལྟར་མང་ཚོགས་ཀྱིས་མོས་མཐུན་བྱེད་མིན་ལ་མ་ལྟོས་པར་ལས་གཞི་དེ་ལག་བསྟར་བྱས་པ་རེད”ཅེས་བརྗོད་སོང་།

འབྲེལ་ཡོད་འབྲོག་པ་དེས་ཁྱིན་ཚང་གནས་སྤོ་དང་འབྲེལ་མཛད་སྒོ་འཚོགས་སྐོར་བརྗོད་དོན། “ཁ་སང་ཕྱི་ཚེས་༢༩ ཉིན་དབུལ་སྐྱོར་གནས་སྤོ་འདུས་སྡོད་ཁང་༣༠༠ ལས་ཚར་བའི་མཛད་སྒོ་འཚོགས་ཏེ། གྲོས་མཐུན་དང་གན་རྒྱར་མཛུབ་ཐེལ་མནན་པའི་འབྲོག་ཁྱིམ་༢༣༠ ལྷག་མི་འགྱང་བར་སྤོར་དགོས་ཞེས་བཤད་སོང་། ཡིན་ནའང་སྡོད་ཁང་གི་ནང་ལོགས་ད་དུང་ལས་ཚར་མེད་པས། དེ་སྔ་གནས་སྤོར་ཡོད་པ་མ་རེད། མཛད་སྒོའི་ཐོག་ང་ཚོའི་སྡེ་དཔོན་གྱིས། དང་ཐོག་གྲོས་མཐུན་གན་རྒྱ་འཇོག་སྐབས་གོང་རིམ་ནས་དབུལ་ཁྱིམ་ཚང་མ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་འདུས་སྡོད་ཁང་ནང་ལ་ཡིན་གཅིག་མིན་གཅིག་སྤོར་དགོས་ཞེས་བཤད་ཡོད་པ་རེད། ཡིན་ནའང་ད་ལྟ་དབུལ་ཁྱིམ་ཚང་མ་བཙན་གྱིས་སྤོར་དུ་མི་འཇུག་པར། གོང་རིམ་ནས་ལྟ་སྐོར་ལ་ཡོང་སྐབས་ཚང་མས་གནས་སྤོ་བྱེད་འདོད་ཡོད་པའི་རྣམ་འགྱུར་སྟོན་རོགས་ཞེས་བརྗོད་སོང་། སྤྱིར་བཏང་མི་དམངས་སྲིད་གཞུང་གིས་གོ་སྒྲིག་བྱས་པའི་དབུལ་སྐྱོར་གནས་སྤོ་འདུས་སྡོད་ཁང་འཛུགས་སྐྲུན་གྱི་འཆར་གཞི་ཕྱི་ལོ་༢༠༡༦ ཟླ་༨ ནས་ ༢༠༡༧ ཟླ་༨ བར་སྡོད་ཁང་ཚང་མ་འགྲུབ་རྒྱུ་དང་། ༢༠༡༧ ཟླ་༡༠ སྔོན་ལ་དབུལ་ཁྱིམ་ཚང་མ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་འདུས་སྡོད་ཁང་ནང་ལ་སྤོར་ཚར་དགོས་ཞེས་བཤད་ཡོད་པ་རེད་”བརྗོད་སོང་།

འབྲོག་ཁྱིམ་གྱི་གནས་སྟངས་འགྲེལ་བརྗོད་དོན། “འབྲོག་ཁྱིམ་ལ་ལར་ཟོག་ལུག་ཡོད་པ་མ་རེད་ལ། ཁ་ཤས་ལ་ཡོད་པ་རེད། ཟོག་ལུག་ཡོད་མཁན་ཚོར་མ་འོངས་པར་རྩྭ་ས་མེད་པའི་དཀའ་ཁག་དང་། འབྲོག་པ་ཚོར་ཟོག་ལུག་མེད་དུས་མ་འོངས་པར་ཁ་རྒྱབ་གསོ་ཐབས་མེད་དུས། མང་ཚོགས་ཀྱིས་ང་ཚོ་ཡི་གེ་ཤེས་མཁན་སློབ་མ་ཚོར་རེ་བ་ཞུས་ནས་ཡུལ་ཚོ་(ས་གནས་སྲིད་གཞུང་)ལ། ཁོ་ཚོ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་འདུས་སྡོད་ཁང་ནང་ལ་གནས་སྤོར་ནས་འབྲོག་ཁུལ་གྱི་སོ་སོའི་མཚེར་ས་དང་རྩྭ་ས་མེད་པ་བཟོས་པ་ཡིན་ན། མ་འོངས་པར་ཁོ་ཚོས་ཁ་རྒྱབ་ཇི་ལྟར་གསོ་རྒྱུ་དང་། རྒྱལ་ཁབ་ཀྱིས་ཁོ་ཚོའི་མ་འོངས་པའི་འཚོ་གནས་དཔལ་འབྱོར་ལ་རོགས་སྐྱོར་ཅི་ལྟར་བྱེད་རྒྱུ་ཡིན་མིན་སྐོར་གྱི་རེ་འདུན་དོན་ཚན་༡༨ ཅན་གྱི་ཞུ་ཡིག་༼གཅན་ཚ་ཐང་ཞང་མི་དམངས་སྲིད་གཞུང་ལ་ཕུལ་བའི་རེ་འདུན་སེམས་ཀྱི་འབོད་པ།༽ཞེས་པ་ཞིག་ཕུལ་ཡང་། སྲིད་གཞུང་གི་དཔོན་པོ་ཚོས་མང་ཚོགས་ཀྱི་རེ་འདུན་ཞུ་ཡིག་དེ་ལ་ཁ་ཡ་མ་བྱས་པར། དེ་སྔོན་ཡི་གེ་མི་ཤེས་པའི་འབྲོག་པ་མང་ཚོགས་ལ་བཙན་གྱིས་མཛུབ་ཐེལ་རྒྱག་ཏུ་བཅུག་པའི་དབུལ་སྐྱོར་གནས་སྤོའི་གྲོས་མཐུན་གན་རྒྱ་ཟེར་བ་དེ་གཞིར་བཟུང་ནས། མང་ཚོགས་ལ་ཡིན་གཅིག་མིན་གཉིས་གནས་སྤོ་བྱེད་དགོས་པའི་འཇིགས་སྐུལ་ཡང་བཏང་བ་རེད་”ཅེས་བརྗོད་སོང་།

ཁོང་གིས་གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་མི་བཀག་ཉར་དང་འདྲི་གཅོད་སྐོར་བརྗོད་དོན། “སྐབས་ཞིག་ལ་ཆར་པ་བབ་ནས་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁང་ཁག་ཅིག་གི་མཁར་གྱང་བསྙིལ་བ་དང་སེར་ཀ་མང་པོ་གས་པས། གནས་ཚུལ་དེ་ང་ཚོ་སྐད་འཕྲིན་ཚོགས་པའི་མི་ཞིག་གིས་བརྙན་པར་ནང་དུ་བླངས་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བརྒྱུད་གཏོང་བྱས་ཏེ། རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁང་དེ་དག་བདེ་འཇགས་ཡིན་མིན་སྐོར་ལ་བརྒྱུད་ལམ་ནས་འདེམ་ཤོག་འཕེན་དུ་བཅུག་པའི་བྱ་འགུལ་ཞིག་སྤེལ་བ་རེད། གནས་ཚུལ་དེ་ཁུལ་རིམ་པས་ཤེས་ནས་རྫོང་རིམ་པར་རྩད་ཞིབ་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་པ་ལྟར། རྫོང་རིམ་པས་ཞིབ་བཤེར་བྱས་ནས་གནས་ཚུལ་སྤེལ་མཁན་དེ་འཇུ་བཟུང་བྱས་པ་དང་། གནས་ཚུལ་སྤེལ་མཁན་དེས་ང་ཚོ་སྐད་འཕྲིན་ཚོགས་པའི་འབྲེལ་ཡོད་མི་སྣ་དང་སྐད་འཕྲིན་ཚོགས་གཙོ་སོགས་བདེ་སྐྱོང་རུ་ཁག་(སྤྱི་ཚོགས་བརྒྱུད་ལམ་ལ་ལྟ་རྟོག་བྱེད་མཁན།)ལ་བཤད་པས། སྐད་འཕྲིན་ཚོགས་པའི་ནང་དུ་གནས་ཚུལ་དེའི་རིགས་བརྒྱུད་གཏོང་དང་གྲོས་བསྡུར་བྱས་ན་ཁྲིམས་འགལ་རེད། སྐད་འཕྲིན་ཚོགས་གཙོ་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ཡོད་པ་རེད་ཟེར་ནས། སྐད་འཕྲིན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་ཁག་ཅིག་སྤྱི་བདེ་ཉེན་རྟོག་པས་བཀག་ཉར་བྱས་ནས་ཉིན་གཅིག་རིང་ལ་འདྲི་གཅོད་བྱས་པ་རེད། སྐབས་དེ་ནས་བཟུང་ང་ཚོའི་ས་ཆར་སྐད་འཕྲིན་ཚོགས་པ་ཁག་ལ་སྟངས་འཛིན་ཇེ་ནན་བྱེད་ཀྱིན་འདུག མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཟེར་བ་དེ་མི་ཤེས་པས། ང་ཚོ་སྐད་འཕྲིན་ཚོགས་པས་ངོ་མ་ཁྲིམས་འགལ་བྱས་ཡོད་ས་རེད་བསམ་ནས། དེ་རིང་ཁ་སང་ང་ཚོར་གཞུང་མང་གཉིས་ཀྱིས་གནོན་ཤུགས་སྤྲོད་ཀྱི་འདུག དྲང་མོར་བཤད་ན། སྲིད་གཞུང་གིས་ཡི་གེ་མི་ཤེས་པའི་འབྲོག་པ་མང་ཚོགས་ཀྱི་རེ་འདུན་དང་མ་འོངས་པའི་དཀའ་སྡུག་ལ་མ་བལྟས་པར་བདེ་འཇགས་ཡིན་མིན་གྱི་སྡོད་ཁང་མང་པོ་འཛུགས་སྐྲུན་བྱས་ནས་འབྲོག་ཁྱིམ་མང་པོ་བཙན་གྱིས་འདུས་སྡོད་ཁང་ནང་ལ་གནས་སྤོར་དུ་འཇུག་གི་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱིས་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཟེར་བ་དེའི་དམིགས་ཡུལ་ཅི་ཡིན་པ་དང་། ཁོ་ཚོ་འབྲོག་ཁུལ་ནས་གྲོང་ཁུལ་དུ་སྤོར་རྗེས། མ་འོངས་པར་དཀའ་ངལ་ག་འདྲ་འཕྲད་སྲིད་མིན་ཡང་གསལ་བོ་ཞིག་ཤེས་ཀྱི་ཡོད་པ་མ་རེད་”ཅེས་བརྗོད་སོང་། །

གཅན་ཚ་ཐང་ཞང་མི་དམངས་སྲིད་གཞུང་ལ་ཕུལ་བའི་ཞུ་ཡིག་གི་དྲ་ཐག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༦༦ ཀློག་གྲངས།