མང་ཚོགས་ཀྱི་ཞུ་ཡིག་དོན་ཚན་བཅོ་བརྒྱད།

གཅན་ཚ་ཐང་ཞང་མི་དམངས་སྲིད་གཞུང་ལ་ཕུལ་བའི་རེ་འདུན་སེམས་ཀྱི་འབོད་པ།

གཅིག བཀུར་བར་འོས་པའི་གཅན་ཚ་ཐང་ཞང་མི་དམངས་སྲིད་གཞུང་གི་ལས་བྱེད་ལྷན་རྒྱས་ལགས། ཁམས་བཟང་།

ཐོག་མར་ང་ཚོས་ཁྱེད་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཅག་གི་སྐུ་ལུས་རི་རྒྱལ་གསེར་གྱི་ལྷུན་པོ་ལ་ནམ་ཡང་འགྱུར་བ་མེད་ཅིང་། ང་ཚོ་མི་དམངས་ཡོངས་ཀྱི་བདེ་སྡུག་ཡོད་ཚད་ཁུར་ཏུ་ལེན་ཕོད་པའི་སྙིང་སྟོབས་དང་ལྷག་བསམ་ལ་རྟག་ཏུ་ཉམས་པ་མེད་པའི་སྨོན་འདུན་ཞུ། ང་ཚོའི་བསམ་པར་བར་སྐབས་འདིར་ཁྱེད་རྣམས་པས་དཀའ་བ་ཡོད་ཚད་གདོང་གིས་བསུས་ཏེ་ང་ཚོ་ཚང་མ་འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་པར་སྟ་གོན་གནང་བཞིན་ཡོད་ལ། གནད་འགག་གི་ལོ་འདི་ཚོར་ཁྱེད་ཚོས་གཅིག་ནས་ང་ཚོ་ཇི་ལྟར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་བསམ་བློ་ཞིབ་མོ་གཏོང་དགོས་ཤིང་། གཉིས་ནས་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་དེ་མང་ཚོགས་ཀྱི་ཁྲོད་ལ་དངོས་འབེབས་ཡང་དག་ཡོང་བར་བྱེད་དགོས་པས། ཁྱེད་ཚོའི་བྱ་བར་བྲེལ་འཚུབ་ཧ་ཅང་ཆེ་བ་ཡང་ཤེས་ཡོད། ཡིན་ན་ཡང་ཁྱེད་ཚོས་ངེས་པར་དུ་མང་ཚོགས་ལ་རྒྱུས་ལོན་དང་མང་ཚོགས་ཀྱི་འཚོ་བ་དངོས་ལ་ཤེས་རྟོགས་བྱས་ཏེ། ང་ཚོ་དང་བར་ཐག་ཇེ་ཉེར་གཏོང་བ་ཡང་ཟློག་ཏུ་མེད་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད་སྙམ། དེ་བས། ངེད་ཅག་གིས་ཀྱང་དཀའ་བ་ཡོད་ཚད་གདོང་གིས་བསུས་ཏེ་མང་ཚོགས་ཀྱི་རེ་བ་དང་བསམ་འཆར་མང་པོ་ཞིག་ཡིག་ཐོག་ནས་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་བ་ལགས་ན། ཁྱེད་རྣམ་པས་ཀྱང་རང་ཉིད་ཀྱི་བྱ་བའི་བྲེལ་གསེང་གི་ཀློང་ནས་གསེར་ལས་དཀོན་པའི་དུས་ཚོད་ཀྱི་ཆ་ཤས་ཅིག་བླངས་ཏེ་ང་ཚོའི་རེ་འདུན་འདི་ལ་ལན་གཅིག་གཟིགས་དང་། འདི་ཡིས་ཁྱེད་ཅག་གི་བྱ་བར་གཞོགས་འདེགས་ཀྱི་མཐུན་རྐྱེན་རེ་སྦྱོར་ཐུབ་པར་མ་ཟད། ཁྱེད་ཚོ་དང་མང་ཚོགས་ཀྱི་བར་གྱི་བར་ཐག་ཀྱང་མཐོང་ཐུབ། སྤྱིར་ན་རང་རེའི་མེས་རྒྱལ་ནི་མི་དམངས་ཡོངས་ལ་དབང་བའི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པས། ང་ཚོ་སུ་ཡིན་ཡང་གོང་རིམ་ལ་བསམ་འཆར་དང་རེ་བ་འདོན་པའི་དབང་ཆ་དང་འོས་འགན་ཡོད་ལ། དེ་བཞིན་དུ་གོང་རིམ་འགོ་ཁྲིད་དག་ལ་ཡང་མང་ཚོགས་ཀྱི་དབང་ཆར་བརྩི་འཇོག་དང་བསམ་འཆར་དང་ལེན་བྱེད་པའི་འགན་འཁྲི་ཡོད་པ་སྨོས་མ་དགོས་ཤིང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཡང་དེ་ལྟར་གཏན་འབེབས་གནང་ཡོད་པ་རེད། དེ་བས་ངེད་ཅག་གིས་ཀྱང་རྒྱལ་ཁབ་དང་མི་རིགས། ཡུལ་ལུང་སོགས་ལ་སེམས་འཁུར་གྱི་འགན་ཡོད་པའི་སྒོ་ནས་མང་ཚོགས་ཀྱི་རེ་བའམ་བསམ་འཆར་ཡོད་ཚད་མ་གསང་མ་སྦས་པར་དྲང་པོའི་ངག་ནས་བརྗོད་རྒྱུ་ཡིན་ལ། འདི་ལྟར་བརྗོད་དོན་ཡང་ཕྱོགས་གཅིག་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དོགས་གཞི་སེལ་འདོད་པ་དང་། ཕྱོགས་གཞན་ཞིག་ནས་གོང་རིམ་འགོ་ཁྲིད་དང་མང་ཚོགས་བར་གྱི་སེམས་པ་གཅིག་ཏུ་བརྒྱུས་ནས་འབྲེལ་འདྲིས་ཇེ་མང་ལ་བཏང་སྟེ་བར་ཐག་ཇེ་ཉེར་གཏོང་འདོད་པ་ཡིན།

ཀུན་གྱིས་ཤེས་གསལ་ལྟར་ཕྱི་ལོ་༢༠༢༠ ལོ་ནི་རང་རེའི་མེས་རྒྱལ་འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་ཏེ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ཆེས་མཐའ་མཇུག་གི་ལོ་དེ་ཡིན་ལ། དབུལ་ཕོངས་ཁྱིམ་ཚང་ཡོངས་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་འཕུད་དགོས་པའི་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་ལོ་ཞིག་ཀྱང་ཡིན། དེའི་རྐྱེན་གྱིས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་རྒྱལ་ཁབ་རིམ་པ་ནས་ཀྱང་དབུལ་ཐར་ཕྱུག་འགྱུར་བྱེད་པའི་སྐོར་གྱི་སྲིད་ཇུས་རབ་དང་རིམ་པ་མང་པོ་ཞིག་ལག་བསྟར་བྱེད་བཞིན་ཡོད་དེ། དཔེར་ན་དབུལ་ཐར་ཕྱུག་འགྱུར་དང་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལྟ་བུ་རེད། དེ་ལས་གནད་འཁེལ་དབུལ་སྐྱོར་ཞེས་པ་ནི་གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ལག་ལེན་བྱེད་པའི་སྟེང་ཐབས་ཤེས་དངོས་འདོན་དགོས་པ་དང་། གནད་ལ་འཁེལ་བའི་སྒོ་ནས་སྐུལ་འདེད་བྱེད་པའི་ཐད་ནུས་ཤུགས་དངོས་འདོན་པ། གནད་ལ་འཁེལ་བའི་སྒོ་ནས་དངོས་འབེབ་བྱེད་པའི་ཐད་ནས་ཕན་འབྲས་དངོས་མཐོང་བ་སོགས་བྱེད་པ་ལ་ཟེར་ཞིང་། དེའི་ཕྱོགས་ནས་ཀྲུང་དབྱང་གི་དབུལ་ཐར་བྱ་བའི་གྲོས་ཚོགས་སྟེང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་ནས་ནན་གྱིས་བསྟན་དོན། ༼རོགས་སྐྱོར་ཇི་ལྟར་བྱེད་པའི་༽གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱི་བྱེ་བྲག་གི་གནས་ཚུལ་ལྟར། ༼སྐོར་ཁག་ལྔའི་༽བཟོ་འགོད་ལག་ཏུ་བསྟར་དགོས། གཅིག་ནི་ཐོན་སྐྱེད་གོང་དུ་སྤེལ་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ། ངལ་རྩོལ་གྱི་ནུས་པ་ཡོད་པའི་མི་ཡོད་དོ་ཅོག་གིས་རང་ཉིད་ཀྱི་ལག་པ་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ། རང་སའི་ཐོན་ཁུངས་ལ་རྐང་ཚུགས་པར་བྱས་ནས་རང་ས་ནས་དབུལ་ཐར་མངོན་དུ་བསྒྱུར་དགོས། གཉིས་ནི་ཡུལ་གཞན་ལ་གནས་སྤོས་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ། དབུལ་ཕོངས་མི་འབོར་གྱིས་རང་ས་ནས་དབུལ་ཐར་བྱེད་དཀའ་ན་ཡུལ་གཞན་ལ་གནས་སྤར་ནས་དབུལ་ཐར་བྱེད་པ་ལག་ཏུ་བསྟར་ཏེ། འཆར་འགོད་ལྟར་དང་ལོ་འཁོར་དབྱེ་བ། འཆར་གཞི་ཡོད་པ་བཅས་ཀྱི་སྒོ་ནས་རྩ་འཛུགས་ལག་བསྟར་བྱས་ནས། གནས་སྤོ་ཐུབ་པ་དང་བརྟན་བརླིང་ཡོང་བ། ཕྱུག་སྒྱུར་བྱེད་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས། གསུམ་ནི་སྐྱེ་ཁམས་ཁ་གསབ་ལ་བརྟེན་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ། དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་སྤོ་བསྒྱུར་གཏོང་སྤྲོད་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། སྲིད་ཇུས་ལག་ཏུ་བསྟར་བའི་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ། ངལ་རྩོལ་གྱི་ནུས་པ་ཡོད་པའི་དབུལ་ཕོངས་མི་འབོར་རང་ས་ནས་ནགས་སྲུང་པ་སོགས་སྐྱེ་ཁམས་སྲུང་སྐྱོང་མི་སྣ་འཇོག་དགོས། བཞི་ནི་སློབ་གསོ་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ། དབུལ་པོ་སྐྱོང་ན་སྔོན་ལ་རྨོངས་མུན་སེལ་བར་བྱེད་པ་དང་། དབུལ་སྐྱོར་བྱེད་ན་སྔོན་ལ་བློ་རིག་བསྐྱེད་དུ་འཇུག་དགོས། རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་དེ་མུ་མཐུད་དུ་དབུལ་ཕོངས་ས་ཁུལ་ལ་ཕྱོགས་པ་དང་། རྨང་གཞིའི་སློབ་གསོར་ཕྱོགས་པ། ལས་རིགས་སློབ་གསོར་ཕྱོགས་པ་བཅས་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་རོགས་བྱས་ནས་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དང་ལྷག་པར་གཞིས་སྲུང་བྱིས་པར་དམིགས་བསལ་གྱིས་གཅེས་སྐྱོང་གནང་དགོས། ལྔ་ནི་སྤྱི་ཚོགས་འགན་སྲུང་མཐིལ་རྟོལ་བའི་སྐོར་ཁག་སྟེ། དབུལ་ཕོངས་མི་འབོར་ཁྲོད་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བ་དང་ཡང་ན་ཆ་ཤས་ཤོར་བའི་མི་ལ། སྤྱི་ཚོགས་འགན་སྲུང་གིས་མཐིལ་བརྟོལ་ཏེ་ཞིང་སྡེའི་དབུལ་སྐྱོར་ཚད་གཞི་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་གཅིག་གྱུར་མཐུན་སྦྱོར་དང་། རྣམ་པ་གཞན་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལ་ཤུགས་བསྣན་ཏེ། ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་པ་དང་ནད་ལྕི་མོའི་འགན་བཅོལ་སྲིད་ཇུས་དེ་དབུལ་ཕོངས་མི་འབོར་ལ་ཁ་ཕྱོགས་དགོས་ཞེས་གསུངས་ཡོད་པ་རེད། དོན་དངོས་དང་མཐུན་ལ་གནད་དུ་འཁེལ་བའི་གསུང་བཤད་འདི་ལས་ང་ཚོས་ཀྲུའུ་ཞི་ལགས་ཀྱིས་དབུལ་ཐར་བྱེད་ཕྱོགས་ལ་བཏོན་པའི་༼སྐོར་ཁག་ལྔའི་བཟོ་བཀོད་༽ཀྱི་དབུལ་ཐར་གནད་དོན་ཐག་གཅོད་པའི་ཐབས་ལམ་གང་དག་ཡིན་པ་རྟོགས་ཐུབ་ལ། དེ་དང་འབྲེལ་ནས་དམངས་ཡོངས་ཀྱི་འགོ་ཁྲིད་རྣམས་པས་ཀྱང་ཀྲུའུ་ཞི་ལགས་ནས་དབུལ་ཐར་བྱེད་ཕྱོགས་ལ་བཏོན་པའི་འབྲེལ་ཡོད་སྲིད་ཇུས་དངོས་འབེབ་བྱེད་པ་དང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱི་བྱེ་བྲག་གི་གནས་ཚུལ་ལྟར་དངོས་ཡོད་འཚོ་བའི་ཁྲོད་ནས་༼སྐོར་ཁག་ལྔའི་བཟོ་བཀོད་༽ལག་ཏུ་བསྟར་ཏེ་དབུལ་སྐྱོར་ཇི་ལྟར་བྱེད་པའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་ལས་དོན་དངོས་ཀྱི་གནས་ཚུལ་ལ་མ་བསྟུན་པར་དབུལ་ཐར་བྱེད་ཕྱོགས་ལ་ནོར་འཛོལ་མི་འབྱུང་རྒྱུ་དང་དབུལ་ཐར་བྱས་པ་གནད་ལ་འཁེལ་མེད་པ་སོགས་ཀྱི་གནད་དོན་མི་འབྱུང་རྒྱུ་ཡང་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཞིག་རེད་སྙམ། དེ་བས། གཤམ་ནས་ངེད་ཅག་གིས་མང་ཚོགས་ཀྱི་ཁྲོད་ལ་ཟབ་ཞུགས་བྱས་ཏེ་བསྡུ་ལེན་བྱས་པའི་དངོས་དོན་བསམ་འཆར་གྱི་དོན་ཚན་རེ་རེ་ཞུ་རྒྱུ་ཡིན་ལ། འདིའི་ནང་དུ་གནད་འཁེལ་དབུལ་སྐྱོར་དང་འབྲེལ་བའི་བསམ་འཆར་དང་དེ་མིན་གྱི་བསམ་འཆར་ཅི་རིགས་ཡོད་པ་སྟེ། དང་པོ། དབུལ་ཕོངས་ཁྱིམ་ཚང་དག་གིས་རང་གི་མཚེར་ས་བཤིག་སྟེ་བློས་བཏང་བ་དང་རྩྭ་ས་བསྐྱུར་ཏེ་དབུལ་སྐྱོར་གནས་སྤོར་འདུས་སྡོད་ཁུལ་དུ་ཡོང་ན་མ་འོངས་པར་མང་ཚོགས་ཀྱི་ཡོང་སྒོ་བཙལ་ཐབས་སམ་ཁ་གསོ་ཐབས་གཙོ་བོ་གང་དག་ཡིན་པའི་ཐད་ནས་སྲིད་གཞུང་གིས་འཆར་འགོད་ཇི་འདྲ་འཐེན་ཡོད་པ་དང་། ཡང་ན་འབྲེལ་ཡོད་ཀྱི་སྲིད་ཇུས་ལས་གཏན་འབེབས་ཇི་ལྟ་བུ་བྱས་ཡོད་པ་སོགས་མང་ཚོགས་ལ་གསལ་བསྒྲགས་བྱས་ཏེ་དམངས་ཀྱི་སེམས་ཁྲལ་དང་དོགས་གཞི་སེལ་རོགས།

གཉིས་པ། གནད་འཁེལ་དབུལ་ཕོངས་ཀྱི་ཁྱིམ་ཚང་དག་ལ་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཁ་གསབ་མ་དངུལ་བསྐྱི་བའི་དུས་ཚོད་འགོར་འགྱངས་མི་བྱེད་པ་དང་། ཁ་གསབ་མ་དངུལ་དེ་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱས་ནས་ཞང་སྲིད་གཞུང་གིས་རྒྱབ་སྐྱོར་དང་སྐུལ་ཁྲིད་བྱས་ཏེ་གོ་ཆོད་པའི་ཚོང་ལས་སོགས་ཀྱི་ལམ་ཁར་འཇུག་རྒྱུ།

གསུམ་པ། དུས་རྒྱུན་རྩྭ་སྲུང་བ་དང་ནགས་སྲུང་བ་དག་ལ་སྡོང་འཛུགས་ནགས་བསྐྲུན་སོགས་ཀྱི་ལས་ཀ་ལས་རྒྱུའི་བརྡ་ནམ་ཡོང་ཆ་མེད་ཡིན་ལ། གལ་ཏེ་དུས་ལྟར་མ་ཐོན་ན་ཆད་པ་ནན་མོ་གཅོད་རྒྱུའི་འཇིགས་སྐུལ་བྱེད་པ་ལས། ཁོ་ཚོའི་དོན་ངོ་མའི་ལས་འགན་གཙོ་བོ་གང་ཡིན་པ་གཏན་འཁེལ་བྱེད་པ་དང་ཟླ་རེར་དུས་ལྟར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྟེར་རྒྱུ།

བཞི་པ། དབུལ་སྐྱོར་གནས་སྤོའི་འདུས་སྡོད་ཁུལ་གྱི་སྡོད་ཁང་གི་རྒྱུ་སྤུས་དེ་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞི་ལྟར་རྒྱུན་འཁྱོངས་དོན་འཁྱོལ་བྱེད་པ་ལས་ད་ལོའི་ཁང་པ་དེ་ན་ནིང་ལོའི་མ་དཔེའི་ཁང་པ་དང་བསྡུར་ན་རྒྱུ་སྤུས་ཇེ་ཞན་ཏུ་སོང་བ་དང་། ཕྱི་མཁར་གྱི་ཤིང་སྒོ་དེ་གློ་བུར་ཏུ་ལྕགས་སྒོར་གྱུར་ཡོད་པ་སོགས་ཀྱི་གནད་དོན་ཚབས་ཆེན་བྱུང་བ་ཐག་གཅོད་རྒྱུ།

ལྔ་པ། རྒྱུ་སྤུས་ལས་མགྱོགས་ཚད་གཙོར་བཟུང་སྟེ་ད་ལོའི་ཁང་གསར་དག་གི་གཏིང་གཞི་འདིང་བ་ཚད་དང་མི་ལྡན་པའི་གནད་དོན་ཐག་གཅོད་རྒྱུ།

དྲུག་པ། གློ་བུར་ཏུ་ཤེལ་ཁང་གི་ཀླད་དེ་ཤེལ་མ་ཡིན་པར་ཚོན་ལྡན་ལྕགས་དྲར་ (彩钢) གྱུར་ཡོད་པའི་གནད་དོན་ཐག་གཅོད་རྒྱུ།

བདུན་པ། གན་རྒྱ་ཡི་གེ་དང་གྲོས་མཐུན་ཡི་གེ་སོགས་བོད་སྐད་ཡིག་གི་སྟེང་ནས་བྲིས་ཏེ་མིང་རྟགས་འགོད་མཁན་ཕྱོགས་གཉིས་ཀར་སྤྲོད་དགོས་པར་མ་ཟད། ད་དུང་མང་ཚོགས་ཀྱི་འདུན་ནས་དོན་ཚན་རེ་རེ་བཞིན་སྒྲོག་འདོན་དང་འགྲེལ་བཤད་བརྒྱབ་སྟེ་ནང་དོན་གསལ་པོར་རྟོགས་པར་བྱེད་པ་ལས། རྒྱ་ཡིག་རྐྱང་རྐྱང་གི་ཤོག་ལྷེ་འགའ་འདུན་དུ་འཕངས་ནས་མང་ཚོགས་ལ་འགྲེལ་བཤད་ཅི་ཡང་མེད་པར་རྨོངས་བའི་སྒོ་ནས་མིང་རྟགས་དང་མཛུབ་རྟགས་འགོད་དུ་མི་འཇུག་རྒྱུ།

བརྒྱད་པ། གནས་སྤོར་ཁང་པའི་འཛུགས་སྐྲུན་གན་རྒྱ་དང་གྲོས་མཐུན་ཡི་གེ། རེ་འདུན་ཞུ་ཡིག་སོགས་ཁྲིམས་མཐུན་སྒོས་ཕྱོགས་གཉིས་ཀས་རྒྱུས་ལོན་མ་བྱས་པ་དང་ཡིད་འཐད་བྱུང་མ་བྱུང་ཅི་ཡང་མ་དྲིས་པར་མིང་རྟགས་བཀོད་དུ་བཅུག་པ་དང་ལས་ཀ་མགོ་མ་བརྩམ་པར་གན་རྒྱ་འཇོག་པ་ལས་ལོ་གཅིག་འགོར་ཏེ་ལས་ཀ་འགྲུབ་ལ་ཉེ་སྐབས་གན་རྒྱ་བཞག་པ་དང་། ལོ་ཟླ་ཚེས་གྲངས་སོགས་ཀྱི་དུས་ཚོད་བྲིས་མེད་པ་ནི་ཁྲིམས་མཐུན་མིན་པས། དེ་ཡང་མང་ཚོགས་ལ་གསལ་བཤད་དང་ཐག་གཅོད་གནང་རྒྱུ།

དགུ་པ། རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་འབྲེལ་ཡོད་ཡིག་ཆའི་སྐོར་མང་ཚོགས་ལ་གསལ་བསྒྲགས་ཁ་གསལ་བྱས་ཏེ་ཏང་དམངས་བར་ཀྱི་ཡིད་ཆེས་དང་འབྲེལ་བ་ཇེ་བརྟན་དུ་གཏོང་བ་ལས་བཙན་གནོན་དང་འཇིགས་སྐུལ། འབུར་འཇོམས་སོགས་མི་བྱེད་རྒྱུ།

བཅུ་པ། ཉི་འོད་ནུས་པའི་གློག་ཁུངས་ཀྱི་ལས་གཞིའི་རྩྭ་ས་གཏོར་བརླག་གི་སྐྱིན་ཚབ་མ་དངུལ་དེ་ཁྱིམ་ཚང་སོ་སོར་དོན་དངོས་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞི་ལྟར་དུས་ལས་མ་འགྱངས་པར་སྤྲོད་པ་ལས། མགོ་གཡོག་མགོ་བསྐོར་དང་བཙན་ཤེད་འཇིགས་སྐུལ་གྱི་ངང་ནས་སྐྱིན་ཚབ་དམའ་མོ་སྟེར་བ་དང་གློག་སྡོང་བཙུགས་ཤུལ་གྱི་སྐྱིན་ཚབ་མ་དངུལ་དེ་ད་དུང་ཡང་བྱིན་མེད་པའི་གནད་དོན་ཐག་གཅོད་རྒྱུ།

བཅུ་གཅིག ཞང་སྲིད་གཞུང་གིས་འཛུགས་སྐྲུན་ལས་ཁུངས་དང་མཉམ་འབྲེལ་གྱི་སྒོ་ནས་ས་གནས་རང་གི་ཞོར་ལས་ཡོད་ཚད་རང་ས་རང་ཡུལ་གྱི་འབྲོག་པ་མང་ཚོགས་ལ་འཐོབ་ཏུ་འཇུག་རྒྱུ་ལས། ཆེད་ལས་ལག་རྩལ་མི་སྣའི་ལས་ཀ་ཕུད་པའི་ལས་ཀ་གཞན་དག་ཀྱང་ཕྱི་ཡོང་ལས་ཀ་བྱེད་མཁན་ལ་སྤྲད་ན། གཅིག་ནས་རང་ས་གནས་ཀྱི་ལས་ཀ་རང་ལ་མི་དབང་བར་དཔལ་འབྱོར་གྱི་ཡོང་སྒོ་བཙལ་བའི་གོ་སྐབས་འཕྲོག་པ་དང་། གཉིས་ནས་ཁོར་ཡུག་དང་མི་རྣམས་ལ་བརྩི་བཀུར་མི་བྱེད་པར་གང་འདོད་བྱེད་པར་སྣང་བས། དེ་ཡང་དྲང་བདེན་གྱིས་ཐག་གཅོད་རྒྱུ།

བཅུ་གཉིས། དུས་རྒྱུན་འཛུགས་བསྐྲུན་བྱེད་མཁན་གྱི་ཕྱི་ཡོང་ལས་ཀ་བྱེད་མཁན་དག་ལ་གང་འདོད་དུ་གད་སྙིགས་གང་སར་མི་འཕེན་པ་དང་རང་འདོད་ཀྱིས་གཞན་གྱི་ལྕགས་ར་བརྒལ་ཏེ་འཕྲུལ་འཁོར་ཅི་འདོད་དུ་མི་རྒྱུགས་པར་ལྟ་རྟོག་ནན་མོ་བྱེད་པ་དང་སློབ་གསོ་ནན་གྱིས་གཏོང་བ་ལས། རང་སྣང་གང་ཤར་གྱི་ངང་ནས་ཁོར་ཡུག་ལ་གཏོར་བརླག་དང་འབྲོག་པ་མང་ཚོགས་ལ་མཐོང་ཆུང་བྱེད་དུ་མི་འཇུག་རྒྱུ།

བཅུ་གསུམ། སྤྱི་ཚོགས་འགན་སྲུང་བྱང་བུ་སོགས་མང་ཚོགས་ལ་རྒྱུན་པར་མཁོ་བའི་སྨན་བཅོས་འགན་བཅོལ་བྱ་བ་རྣམས་དུས་ལྟར་སྒྲུབ་ཏེ་ཞབས་ཞུ་ཚད་ལྡན་ཅན་སྒྲུབ་པ་ལས་ནམ་ཞིག་ལ་དེ་དག་མཁོ་བའི་དུས་སུ་མང་ཚོགས་ལ་སྐབས་དོན་ཕན་མི་ཐོགས་པའི་གནད་དོན་ཐག་གཅོད་རྒྱུ།

བཅུ་བཞི། དམངས་ཆེན་འཐུས་མི་ནི་ཡར་གོང་རིམ་ལ་མི་དམངས་ཀྱི་བདེ་སྡུག་ཞུ་མཁན་ཞིག་དང་མར་མང་ཚོགས་ལ་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་བརྗོད་དོན་སྒྲོག་མཁན་ཞིག་ཡིན་པས། དམངས་ཆེན་འཐུས་མི་འདེམ་སྐབས་ངེས་པར་དུ་དྲང་པོ་དྲང་བཞག་གི་སྒོ་ནས་མང་ཚོགས་ལ་འདེམ་དུ་འཇུག་རྒྱུ་ལས། ལྐོག་ནས་མི་འགའ་རེས་འདེམ་ཤོག་འཕངས་ནས་འདེམ་པ་དང་། ཡང་ན་ཞང་སྲིད་གཞུང་གིས་འཐུས་མི་གང་ཡིན་གཏན་འཁེལ་བྱས་ཏེ་འདེམ་དུ་བཅུག་པ་སོགས་ཀྱི་ཁྲིམས་མཐུན་མ་ཡིན་པའི་སྒེར་གཅོད་གནད་དོན་ཐག་གཅོད་རྒྱུ།

བཅོ་ལྔ། རྒྱལ་ཁབ་ཀྱི་རྣམ་གྲངས་ཏེ་ཉེན་ཁ་ཅན་གྱི་ཁང་བ་ཞིག་གསོ་དང་། ཕྱུགས་ཁང་འཛུགས་སྐྲུན། རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་མཁན་ལ་ཁ་གསབ་རོགས་དངུལ་སྟེར་བ་སོགས་ཀྱི་ལས་གཞིའི་རྣམ་གྲངས་གང་ཡིན་ཡང་ངེས་པར་དུ་སྡེ་པ་སྤྱི་ལ་བསྒྲགས་ཏེ་མང་ཚོགས་དང་མཉམ་དུ་དཔྱད་བསྡུར་ཡང་དག་བྱས་ནས་གྲོས་ཐག་གཅོད་པ་ལས། རང་རང་སྒེར་ལ་བཀོད་སྒྲིག་བྱེད་པ་དང་ཡང་ན་རང་གི་འདོད་པ་ལྟར། ཁ་ཆེན་ངོ་ཆེན་ཞིག་གམ་ཤ་ཉེ་སྤུན་མཆེད་ཅིག་ལ་བཀོད་སྒྲིག་བྱེད་པ་སོགས་བྱས་ཏེ་ཡོད་ཚད་སྒེར་གཅོད་མི་བྱེད་པར་དམངས་གཙོ་ལྟར་འགྲོ་རྒྱུ།

བཅུ་དྲུག སྡེ་དཔོན་ཞེས་པ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་བདག་ལྟ་བུ་ཡིན་པས། དེ་ནི་ངེས་པར་ཏུ་སྡེ་པ་སྤྱི་ལ་ཕན་འདོགས་ཀྱི་ལྷག་བསམ་ཡོད་པའི་མི་བུ་སྤྱི་སེམས་ཅན་ཞིག་ཡིན་དགོས་པ་མ་ཟད། ད་དུང་ཤེས་ཡོན་དང་འབྲེལ་འདྲིས་སོགས་ཀྱི་འཇོན་ནུས་ཡོད་པ་ཞིག་ཀྱང་ཡིན་དགོས། དེ་བས་སྡེ་དཔོན་ནི་ངེས་པར་དུ་མང་ཚོགས་ཀྱིས་འདེམ་ཤོག་འཕངས་ནས་དྲང་བདེན་གྱིས་ཐག་གཅོད་རྒྱུ་ལས། མི་འགའ་རེས་གྲོས་བྱས་ནས་སྡེ་དཔོན་འདེམ་པ་དང་། ཡང་ན་ཞང་སྲིད་གཞུང་གིས་བརྒྱ་ཁ་གཅིག་གཅོད་མི་བྱེད་རྒྱུ།

བཅུ་བདུན། སྡེ་དཔོན་ནི་ཞང་དང་མི་དམངས་བར་གྱི་ཟམ་པ་ལྟ་བུ་ཡིན་ལ། ཞང་སྲིད་གཞུང་གི་བྱ་བར་གཞོགས་འདེགས་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། དེ་བས་ཞང་སྲིད་གཞུང་ནས་ཀྱང་ཁོ་ཚོ་ལ་སློབ་སྦྱོང་གི་ཁོར་ཡུག་གང་མང་ཞིག་བསྐྲུན་ཏེ་ཕྱོགས་ཡོངས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྡེ་བ་སྐྱོང་སྟངས་སོགས་ལ་མཛུབ་སྟོན་དང་སྐུལ་ཁྲིད་གནང་རྒྱུ་ལས། ཞང་གི་དགོས་མཁོར་དམིགས་ཏེ་སྡེ་པའི་སྡེ་དཔོན་དག་མང་ཚོགས་ལ་ཅི་བྱས་ལག་བསྟར་བྱེད་མཁན་གྱི་ལག་ཆ་ལྟ་བུར་མི་འགྱུར་རྒྱུ།

བཅོ་བརྒྱད། དབུལ་པོ་སྐྱོང་ན་སྔོན་ལ་རྨོངས་མུན་སེལ་བར་བྱེད་པ་དང་། དབུལ་སྐྱོར་བྱེད་ན་སྔོན་ལ་བློ་རིག་བསྐྱེད་དུ་འཇུག་དགོས་པས། ཞང་སྲིད་གཞུང་གིས་སློབ་ཆེན་སློབ་མ་སོགས་ཤེས་ཡོན་པ་གང་མང་རྩ་འཛུགས་བྱས་ཏེ་མང་ཚོགས་ཀྱི་ཡིག་རྨོངས་སེལ་རྒྱུ་དང་། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བར་ཕན་པའི་བྱ་འགུལ་སྣ་ཚོགས་སྤེལ་དགོས་པ་མ་ཟད། ད་རུང་སློབ་ཆེན་པའི་སྡེ་ཡིས་དབྱར་དགུན་གནང་གི་གསབ་སྦྱོང་འཛིན་གྲྭ་སོགས་ཀྱིས་མཚོན་པའི་གཞན་ཕན་གྱི་བྱ་བ་གང་ཞིག་སྒྲུབ་པར་དངོས་ཤུགས་དང་སེམས་ཤུགས་གཉིས་ཀྱི་ཆ་ནས་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུ་སོགས་ཡིན་ལ། ཁྱེད་རྣམས་པས་ཀྱང་ལྷོད་གཡེང་མི་བྱེད་པར་བློ་གཟུ་བོས་དཔྱད་པ་བཏང་སྟེ་ང་ཚོ་ལ་ཡང་དག་གི་དྲིས་ལན་ཅིག་ཡོད་པར་མཁྱེན།

ཡང་སྲིད་འཛིན་ལགས་ནས་དབུལ་སྐྱོར་ཕྱུག་འགྱུར་གྱི་བྱ་བར་ལྷོད་གཡེང་མི་བྱེད་པར་དངོས་ཐོག་བདེན་འཚོལ་དང་དོན་དངོས་གནས་ལུགས་ཀྱིས་སྒྲུབ་དགོས་པར་འདི་སྐད་གསུངས་ཡོད་དེ། གནད་ཁེལ་དབུལ་སྐྱོར་ནི་གནད་ལ་ཁེལ་བའི་སྒོ་ནས་དབུལ་ཐར་བྱེད་པའི་ཆེད་ཡིན་པས། དུས་ཚོད་ཀྱི་རེའུ་མིག་བཟོས་ཏེ་གོ་རིམ་ཡོད་པའི་སྒོ་ནས་དབུལ་པོ་ལས་ཐར་བ་མངོན་འགྱུར་འབྱུང་དགོས་ན། འགོར་འགྱངས་བཟོ་བའི་ནད་གཏན་འགོག་བྱེད་དགོས་ལ། བྲེལ་འཚབ་ཆེ་བའི་ནད་ཀྱང་གཏན་འགོག་བྱ་དགོས། ཞི་ལྷོད་དུ་གཏོང་བའི་དུས་ཚོད་བསྐྱུར་ཏེ། དུས་ཚོད་ངེས་ཅན་ནང་ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་ཕུད་པ་བྱ་དགོས། དཔྱད་འཇོག་ནན་མོ་ལག་བསྟར་བྱས་ཏེ། ཞྭ་མོ་ཕུད་པའི་ཚད་གཞི་ལྟར་ཞིབ་བཤེར་རྩིས་ལེན་བྱ་དགོས། ཁྱིམ་ཚང་རེ་རེ་བཞིན་ཨང་རྟགས་བསུབ་པ་ལག་ཏུ་བསྟར་ཏེ་མི་རེ་རེ་དབུལ་ཐར་བྱེད་པ་དང་། དབུལ་ཐར་བྱུང་མ་བྱུང་དེ་མང་ཚོགས་དང་མཉམ་དུ་རྩིས་རྒྱག་པ་དང་མང་ཚོགས་ལ་ངོས་འཛིན་བྱ་རུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། དབུལ་ཐར་འགན་འཁྲི་ཕྲག་ཏུ་ལེན་དགོས་ལ། དབུལ་ཐར་འོས་འགན་དམ་དུ་འཛིན་དགོས། དབུལ་སྐྱོར་མ་དངུལ་ལ་ཀུན་གསལ་ཅན་གྱི་དོ་དམ་བྱེད་པར་ཤུགས་བསྣན་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་བསགས་ལ་གཅིག་བསྡུས་སྒོས་ལེགས་བཅོས་དང་བཤེར་ཆད་གཅོད་དགོས། དབུལ་སྐྱོར་མ་དངུལ་གཞན་སྤྱོད་དང་རིམ་པ་རེ་རེ་བཞིན་བཀག་ཉར། རྫུན་ཞུ་གཡོ་ལེན། ཆུད་ཟོས་སུ་གཏོང་བ་བཅས་བྱས་ན་ཆད་པ་ནན་མོ་གཅོད་དགོས། ཞེས་ནན་གྱིས་བསྟན་པ་ནི་ངེད་ཅག་གིས་མ་བཤད་ཀྱང་ཁྱོས་ཚོས་མཁྱེན་གསལ་ལྟར་ཡིན་ཡང་དཀར་པོ་ཆོས་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བའི་དཔེ་ལྟར་གལ་ཆེ་བར་བསམ་ནས་འདིར་བཀོད་པ་ལགས།

མཇུག་མཐར་གསལ་པོར་ཞུ་འདོད་པ་ཞིག་ལ་ང་ཚོས་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཡང་མཐུན་པ། འཇིག་རྟེན་གྱི་གནས་ལུགས་དང་ཡང་མཐུན་པའི་མཐུན་པ་གསུམ་གྱི་རྩ་བའི་རྩ་དོན་གཞིར་བཞག་གི་སྟེང་ནས་ཏང་དམངས་བར་གྱི་འབྲེལ་བ་ཇེ་ཟབ་དང་། བར་ཐག་ཇེ་ཉེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་སོགས་སྤྱིའི་དམིགས་འབེན་དུ་བཟུང་སྟེ་རྒྱལ་ཕན་དམངས་ཕན་གྱི་བྱ་བཞག་ཅིག་སྒྲུབ་ནས་སློབ་ཆེན་པས་ཕྱིར་སྤྱི་ཚོགས་ལ་འགན་འཁུར་བ་དང་ཕྱིར་ཕ་ཡུལ་ལ་ཕྱིར་མིག་ལྟ་བཞིན་པའི་རྣམ་པ་ཙམ་བསྟན་པ་ལས། ང་ཚོ་ལ་གཏན་ནས་ཁ་གཏད་ཀྱི་དགྲ་བོ་གཅིག་ཀྱང་མེད་ལ། སུ་ལ་གནས་ལུགས་དང་ལྡན་ན་དེ་ནི་མི་བུ་ཀུན་གྱི་གྲོགས་པོ་ཡིན་ཞིང་། སུ་ཞིག་གནས་ལུགས་དང་འགལ་ན་དེ་ནི་ང་ཚོ་ཚང་མའི་དགྲ་བོ་ཡིན་པ་འཇིག་རྟེན་གྱི་ཆོས་ཉིད་དུ་ཟད། དེ་བས་ང་ཚོས་འདིར་བརྗོད་པ་ཡང་གནས་ལུགས་དང་དྲང་བདེན། དམངས་ཕན་དང་རྒྱལ་ཕན་སོགས་ཀྱི་བྱ་བ་ཞིག་ཡིན་པ་ལས། ཁྲིམས་འགལ་དང་ལུགས་འགལ། སྒྲོ་བཏགས་དང་རྫུན་བཟོ་སོགས་ཀྱི་བྱ་བ་ཞིག་གཏན་ནས་མ་ཡིན། དེའི་རྐྱེན་གྱིས་ཁྱེད་ཅག་གིས་ཀྱང་མང་ཚོགས་ཀྱི་བསམ་ཚུལ་རེ་རེར་ནན་གྱིས་གཟིགས་ཏེ་གོ་བ་ལོག་པར་སྨྲ་བའི་ཆ་ལ་གསལ་བཤད་དང་། བདེན་དོན་དངོས་མར་གྲུབ་པའི་ཕྱོགས་ལ་ཐག་གཅོད་རེ་གནང་རྒྱུར་ངེད་ཅག་གིས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་རེ་བ་ཡང་ཡང་ཞུའོ།

ཞེས་རེ་འདུན་ཞུ་མཁན་ནི། ཀུན་བཟང་ཚེ་རིང་། ཀུན་འགྲུབ་སྐྱིད། ཀླུ་མཁར་ཡག ཀླུ་སྒྲུབ་དབང་ཕྱུག བཀྲ་ཤིས་མཚོ་མོ། བཀྲ་ཤིས་རྒྱལ། སྒྲོལ་མ་དར་རྒྱས། སྒྲོལ་མ་འབུམ། སྐལ་ལྡན་རྒྱ་མཚོ། དགྲ་འདུལ་ཚེ་རིང་། རྟ་མགྲིན་རྡོ་རྗེ། དོན་འགྲུབ། རྡོ་རྗེ་བཀྲ་ཤིས། རྡོ་རྗེ་ཚེ་རིང་། རྡོ་རྗེ་རིན་ཆེན། ནོར་བུ་དབང་ཕྱུག རྣམ་རྒྱལ་སྒྲོལ་མ། རྣམ་རྒྱལ་དོན་གྲུབ། དཔའ་རྩེ་རྒྱལ། ཕག་མོ། འཕགས་མོ་མཚོ། འཕགས་པ། ཕུན་ཚོགས། ཕག་མོ་ལྷུན་འགྲུབ། དབང་ལྡན་རྒྱལ།  འབྲུག་བྱམས་ཚེ་རིང་། འབྲུག་བྱམས་མཁར། འབྲུག་བྱམས་རྒྱལ། འབྲུག་ལྷ་རྒྱལ། འབྲུག་རྒྱལ། ཚེ་རིང་བསོད་ནམས།       ཚེ་རིང་རྒྱལ། གཡང་ཕྱུག་རྒྱལ། གཡང་དྲུང་ཚེ་རིང་། གཡང་སྐྱབས་ཚེ་རིང་། ཤ་བོ་རྒྱལ། སངས་རྒྱས་དོན་འགྲུབ།  བསོད་ནམས་རྒྱལ། བསོད་ནམས་རྒྱལ། ལྷ་ཆེན་ཚེ་རིང་། ལྷ་རྒྱལ་ཚེ་རིང་བཅས་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣ ཉིན་ཕུལ། ཞེས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༩༧ ཀློག་གྲངས།