བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་ལས་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

ཟླ་༡ པོའི་ཚེས་༤ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་དུ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་བྱས་ཡོད་འདུག་ཀྱང་། ཁྲིམས་ཐག་ག་དུས་གཅོད་རྒྱུ་ཡིན་གཏན་ཁེལ་མེད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ། བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལཱེང་ཞའོ་ཅུན་གྱིས། ཁྲིམས་དཔོན་གྱིས་བཀྲ་ཤིས་དབང་ཕྱུག་གི་གྱོད་གཞིའི་ཐད་ཕྱོགས་གཉིས་བར་གྱི་རྩོད་གླེང་ལ་ཆུ་ཚོད་བཞི་ཡི་རིང་ཉན་ཞིབ་བྱས་ཡོད་པ་དང་། ཁྲིམས་ཐག་ག་དུས་གཅོད་མིན་གྱི་དུས་ཚེས་གཏན་ཁེལ་མེད་སྐོར་བརྗོད་འདུག

བཀྲ་ཤིས་དབང་ཕྱུག་གིས་ཁྲིམས་བཤེར་སྐབས་རང་ལ་ཉེས་འཛུགས་བྱས་པའི་གྱོད་གཞི་རྣམས་ལ་ངོས་ལེན་བྱས་མེད་པས། གལ་ཏེ་ནག་ཉེས་ར་སྤྲོད་བྱས་ཚེ་ལོ་མང་རིང་གི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་པ་ཡིན་འདུག

ཁྲིམས་བཤེར་སྐབས་རྒྱ་ནག་གཞུང་གི་སྤྱི་དམངས་ཁྲིམས་རྩོད་པས། ཕྱི་ལོ་༢༠༡༥ ལོར་བཀྲ་ཤིས་དབང་ཕྱུག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་ཞིག་ནང་བཀྲ་ཤིས་དབང་ཕྱུག་གིས་སྐད་ཆ་བཤད་ཡོད་པ་དེ་དཔང་རྟགས་གཙོ་བོར་གཤོམ་སྒྲིག་བྱས་ཡོད་སྐོར་དང་། ཁོང་ལོ་གཉིས་རིང་བཙོན་ཁང་ནང་ཁྲིམས་བཤེར་བསྒུག་ནས་སྡོད་སྐབས། ལྟ་སྐྱོང་ཡག་པོ་ཐོབ་ཡོད་པ་དང་སེམས་ཁམས་བདེ་པོ་ཡིན་སྐོར་ཁོང་གི་ཁྲིམས་རྩོད་པ་ལཱེང་གིས་བརྒྱུད་ལམ་ཁག་ཏུ་བརྗོད་འདུག

ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཁྲིམས་བཤེར་སྐབས་བཀྲ་ཤིས་དབང་ཕྱུག་གིས་བརྙན་ཐུང་དེའི་ནང་ཆ་ཤས་བླངས་པར། ཁ་བྲལ་ངན་སྐུལ་གྱི་བྱེད་ལས་མིན་པར་རྩོད་གླེང་བྱེད་པའི་དུས་ཚོད་འདང་ངེས་ཤིག་ཐོབ་ཡོད་སྐོར་འདུག

ཕྱི་ལོ་༢༠༡༥ ལོར་ཨ་རིའི་ནིའུ་ཡོག་དུས་བབ་ཀྱིས། བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་བཀོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་པ་མ་ཟད། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་ཆེད་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་ཀྱི་སྐོར་ལ་བརྙན་ཞིག་སྤེལ་ནས་ཟླ་བ་༢ སོང་རྗེས། ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ཚེས་༢༧ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༢༠༤ ཀློག་གྲངས།