རེ་བ་འདི་ཙམ་ལས་གང་ཡང་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༠  ཕྱི་ལོ་ ༢༠༡༨/༡ /༣

ཕྱི་ལོ་༢༠༡༧ ལོ་འདས་ཤིང་༢༠༡༨ ལོ་ང་ཚོའི་མགོ་ཐོག་ཏུ་ཤར་བ་རེད། ཕྱི་ལུགས་ཀྱི་ལོ་རྙིང་པ་འདིའི་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་བཀྲ་མི་ཤིས་པ་མང་པོ་བྱུང་ཡོད་པ་དང་། ཕྱོགས་གཅིག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་དུམ་བུ་གཉིས་གསུམ་ཞིག་ཏུ་འགྱུར་རྒྱུའི་མངོན་རྟགས་གསལ་པོ་བསྟན་སོང་། དེར་བརྟེན་སྤྱི་ཚོགས་ཆུང་ཆུང་འདི་ཉིད་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་གནས་ཚུལ་ག་འདྲ་ཞིག་བྱུང་ཡང་མཐའ་མ་འདུམ་རྒྱག་མཁན་ཞིག་ཡོད་པས་སེམས་ཁྲལ་ཆེན་པོ་དགོས་དོན་མེད་ཀྱང་། དེའི་རྗེས་ཀྱི་གནས་སྟངས་ལ་ཚོད་དཔག་བྱེད་མི་ཕོད་པའི་ཚོད་དུ་གྱུར་ཡོད། ལོ་འདིའི་རྩོད་རྙོག་གི་མདུན་ལ་ཐོན་མཁན་གདོང་མཆོང་པ་དང་བྱུས་འགོད་པ་སོགས་མང་པོ་ཞིག་ཡོད་པར་ཧ་ལས་དགོས་དོན་མེད་ཀྱང་། ཧ་ཅང་མི་མངོན་པའི་ཚུལ་དུ་གབ་པའི་རྒྱབ་ཕྱོགས་ཀྱི་བྱུས་འགོད་པ་ངོ་མ་སུ་དང་སུ་ཡིན་མིན་དེ་ཞེད་སྣང་ཚ་ཤོས་སུ་གྱུར་པའི་གནད་དོན་ཞིག་ཡིན། དེར་བརྟེན་ཅིག་བྱས་ན་དེ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དུས་བཀག་འབར་རྫས་ཤིག་ཏུ་གྱུར་ཡོད་སྲིད་པ་རེད།

གནད་དོན་འདི་རྒྱས་བཤད་མི་དགོས་པར་ཚང་མས་ཤེས་གསལ་དུ་གྱུར་ཡོད་ཀྱང་། དེ་ལྟ་བུ་ཡོང་དགོས་ོཔའི་རྒྱུ་མཚན་དང་རྒྱབ་ལྗོངས་གཅིག་ནི། བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་པ་མང་པོ་ཞིག་ཕྱི་རྒྱལ་དུ་བཏང་དང་གཏོང་བཞིན་ཡོད་པ་དང་། བོད་པ་མི་སྒེར་གྱི་ངོས་ནས་ཀྱང་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་རྒྱུར་དང་འདོད་ཧ་ཅང་ཆེ་བའི་དུས་སྐབས་འདིར་ཕྱི་རྒྱལ་དུ་སོང་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་དང་ནུས་པ་ཐོན་མཁན་ཡང་མང་པོ་ཡོད་ཀྱང་། མི་ཁག་ཅིག་གིས་ཕྱི་རྒྱལ་གྱི་ཡུལ་ལུང་སོ་སོའི་མི་སེར་ལག་ཁྱེར་ཐོབ་ཟིན་པའི་རྗེས་ཆུ་བོ་བརྒལ་དུས་ཟམ་པ་བརྗེད་པའི་དཔེ་ལྟ་བུར་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ལ་ལྟོས་མེད་བྱེད་མཁན་མང་དུ་འགྲོ་གི་ཡོད་པ་རེད། རྒྱ་གར་དུ་མི་སེར་ལག་ཁྱེར་ཞུ་མཁན་མང་དུ་སོང་བ་དང་ལག་ཁྱེར་ཐོབ་མཁན་མང་དུ་སོང་ནའང་འདི་ལྟ་བུའི་གནས་ཚུལ་མང་དུ་འགྲོ་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་གནད་དོན་འདི་དག་གི་འབྱུང་རྩ་ངོ་མ་བོད་མི་རིགས་ལ་ཤ་ཞེན་ཧ་ཅང་ཕྲ་བ་དང་། རྒྱལ་ཁབ་སླར་གསོའི་འདུ་ཤེས་གཏན་ནས་མེད་པ་ལ་བརྟེན་ནས་བྱུང་ཡོད།

མུ་མཐུད་ཤུགས་རྐྱེན་འདི་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ཧྲིལ་པོ་ལ་ཁྱབ་སོང་ན། དེ་ནས་བཟུང་བཟང་ཕྱོགས་ནས་རེ་བ་རྒྱག་ཡུལ་ཞིག་གཏན་ནས་མེད་པར་གྱུར་པ་རེད། བོད་ནང་ནས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་བཞིན་པ་དང་། བོད་ཀྱི་མ་འོངས་པར་རེ་བ་ཆེན་པོ་ཞིག་རྒྱག་གི་ཡོད་པ་གསལ་པོ་རེད། དེར་བརྟེན་མ་འོངས་པར་བོད་གང་འདྲ་ཞིག་ཏུ་བསྐྱོད་མིན་དེ་ཡང་གཙོ་ཆེ་ཤོས་བོད་ནང་དུ་བཞུགས་པའི་རྒྱ་ཆེའི་མི་མང་གི་རེ་འདོད་གཞི་རྩར་འཛིན་དགོས། བོད་ནང་གི་བོད་མི་རྣམས་ཀྱི་བསམ་བློ་དང་རེ་བ་གང་ཡོད་པ་དེ་རྒྱལ་སྤྱིའི་སྟེང་སྐྱེལ་རྒྱུའི་འགན་ཁུར་དེ་བཙན་བྱོལ་བོད་མི་ལ་ཡོད་ཀྱང་། རང་རང་སོ་སོས་ཁེ་ཕན་ཁོ་ན་དོན་གཉེར་བྱེད་པའི་འཛམ་གླིང་གི་ཁོར་ཡུག་འདིར་བོད་ལ་དོན་གྱིས་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཅིག་ཕལ་ཆེར་མེད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་རང་ངོས་ནས་རྒྱ་གཞུང་ལ་ཁ་གཏད་དང་ངོ་རྒོལ་གྱི་ལས་འགུལ་དང་བསམ་བློ་དེ་ཉག་ཕྲ་ནས་ཕྲ་རུ་འགྲོ་བཞིན་ཡོད་སྟབས། རྒྱབ་ནས་སྐྱོར་དགོས་ན་སྐྱོར་ཡུལ་ཞིག་ཀྱང་ཕལ་ཆེར་ལྷག་མེད་པ་ལྟ་བུ་རེད།

ལོ་རྙིང་པ་འདིའི་ནང་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྒྱ་ནག་དང་བོད་དུ་ཕེབས་པའི་གནས་ཚུལ་ཞིག་ཡོངས་གྲགས་ཆགས་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ཐོག་ནས་ཡིན་དང་། ཡང་ན་ཁོང་སྐུ་སྒེར་གྱི་ཐོག་ནས་ཕ་ཡུལ་དུ་ཕེབས་པ་ཡིན་གསལ་ཁ་གང་ཡང་མེད་ནའང་། ཁོང་ཕེབས་ཐུབ་པ་དེའི་ཐོག་ནས་རེ་བ་ཆུང་ཆུང་ཞིག་རྒྱག་ཆོག་པ་རེད། བོད་ཀྱི་རྩ་དོན་ཐག་གཅོད་ཟེར་དགོས་ནའང་རེད། ཁ་གསལ་ཙམ་བཤད་ན་ད་ལྟའི་གནས་སྟངས་དང་འཆར་གཞི་བྱེད་སྟངས་འདི་དག་གི་ཐོག་ནས་བོད་རང་བཙན་དང་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐག་གཅོད་ཡོང་རྒྱུའི་རེ་བ་མེད་པ་དང་། དོན་གྱིས་བོད་མིའི་སྒྲིག་འཛུགས་སམ་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་ལའང་དེ་ལྟ་བུའི་རེ་བ་ཞིག་མེད་ཚོད་དུ་སྣང་། ༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་ཞིག་གནང་ཐུབ་པ་ཁོ་ནའི་ཆེད་དུ་རེ་བ་རྒྱག་གི་ཡོད་པ་ལྟ་བུ་འདུག་ན། དེའི་ཆེད་དུ་རྒྱ་གཞུང་དང་འབྲེལ་བ་གནང་མཁན་ཟམ་གདོང་རིན་པོ་ཆེ་ལས་ལྷག་ཅིག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཏན་ནས་ཡོད་མི་སྲིད་པ་རེད།

ཁོང་ནི་བོད་རྒྱའི་གནད་དོན་ཐོག་རྒྱུས་མངའ་དང་ཉམས་མྱོང་ཡོད་པ། ༧གོང་ས་མཆོག་གི་དགོངས་གཞི་རྟོགས་ཤིང་སྤྱི་དོན་སྒེར་གྱི་ཁེ་ཕན་དུ་མི་སྒྱུར་མཁན། ཕ་རོལ་པོ་ལ་ག་རེ་བཤད་དགོས་མིན་སོགས་གསལ་པོ་རྟོགས་ཤིང་ཐག་གཅོད་བྱེད་རྒྱུའི་བློ་ཁོག་ཡོད་པ་སོགས་ཕྱོགས་གང་ཐད་ནས་ཁོང་ལས་ལྷག་སུ་གཅིག་མེད། དེར་བརྟེན་རྒྱ་གཞུང་ལ་འབྲེལ་བ་བྱས་ནས་དབུ་མའི་ལམ་དང་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཐོག་ནས་ཐག་གཅོད་ཅིག་ཡོང་རྒྱུའི་རེ་བ་གང་ཡང་མེད་ཀྱང་། ༧གོང་ས་མཆོག་བོད་དུ་ཞབས་སོར་འཁོད་ཐུབ་པ་ཞིག་བྱུང་ན་བོད་ནང་གི་བོད་མི་མང་པོ་ཞིག་གི་རེ་བ་སྐོང་ཐུབ་པ་དང་། ད་བར་བོད་ནང་དུ་བོད་མི་ཧ་ཅང་མང་པོ་ཞིག་གིས་རང་ལུས་མེར་སྲེག་གཏོང་སྐབས་ཀྱང་༧གོང་ས་མཆོག་བོད་དུ་ཞབས་སོར་འཁོད་དགོས་ཞེས་འབོད་ཚིག་དེ་ཡོངས་ཁྱབ་ཀྱིས་བསྒྲགས་ཡོད་པས་ཀྱང་། ༧གོང་ས་མཆོག་བོད་དུ་ཞབས་སོར་འཁོད་ཐུབ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། བཙན་བྱོལ་བོད་མི་ལ་ནུས་པ་དང་རེ་བ་གཉིས་ཀ་མེད་པས་གོང་དུ་བརྗོད་པ་བཞིན་རེ་བ་འདི་ཙམ་ལས་གང་ཡང་མེད་སྙམ།།

Share this:
༦༣ ཀློག་གྲངས།