ཧྥ་རན་སིར་འོས་བསྡུའི་སྐབས་གསར་འགྱུར་རྫུན་མ་འགོག་ཐབས་བྱ་རྒྱུ་ཡིན་འདུག

ཧྥ་རན་སིའི་སྲིད་འཛིན་ཨཱི་མོལ་མེར་ཁོན་གྱིས། འོས་བསྡུའི་སྐབས་སུ་མང་གཙོ་སྲུང་སྐྱོབ་ཆེད་གསར་འགྱུར་རྫུན་མ་བཀག་འགོག་བྱེད་པའི་ཁྲིམས་འཆར་འདོན་རྒྱུ་ཁས་ལེན་བྱས་འདུག

ཟླ་༡ པོའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༧ ལོར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་རྒྱལ་ཁ་ཐོབ་མཁན་ཨཱི་མོལ་མེར་ཁོན་གྱིས། ལོ་གསར་པའི་ནང་གསར་འགོད་པ་ཚོར་གཏམ་བཤད་སྤེལ་བའི་ལས་རིམ་ཐོག རིང་མིན་ཁོང་གིས་འོས་བསྡུའི་ལས་རིམ་སྐབས་སུ། གསར་འགྱུར་རྫུན་མ་བཀག་འགོག་ཡོང་ཆེད་ཀྱི་ཁྲིམས་འཆར་འདོན་རྒྱུ་ཡིན་པ་དང་། དེའི་ནང་བརྒྱུད་ལམ་ཁག་གིས་གསར་འགྱུར་དང་ཁྱབ་བསྒྲགས་སོགས་སུས་འགྲོ་སོང་བཏང་ཡོད་མེད་དང་ག་ཚོད་བཏང་ཡོད་མེད་སོགས་གསལ་ཁ་འདོན་དགོས་པ་དང་། འགྲོ་སོང་ཡང་ཚད་བཀག་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཁྲིམས་དཔོན་ཚོས་བརྒྱུད་ལམ་ཁག་ཏུ་གསར་འགྱུར་རྫུན་མ་རྣམས་ཕྱིར་འཐེན་བྱེད་དགོས་པ་དང་། གཞན་ལ་སུན་གཙེར་བྱེད་པའི་བརྒྱུད་ལམ་བཀག་འགོག་བྱེད་པ། དེ་བཞིན་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་གྱི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཐོག་སྒེར་གྱི་དྲ་ཁང་རྣམས་སྒོ་རྒྱག་པ་སོགས་ཀྱི་བཀའ་གཏོང་བའི་དབང་ཚད་ཡོད་པ་བཟོ་འཆར་ཡོད་འདུག

ཧྥ་རན་སིའི་བརྙན་འཕྲིན་དང་རླུང་འཕྲིན་སྟངས་འཛིན་ལས་ཁང་ལ། ཧྥ་རན་སིའི་ནང་ཕྱིའི་རྒྱལ་ཁབ་ཀྱི་སྟངས་འཛིན་ནམ་ཤུགས་རྐྱེན་འོག་ལ་ཡོད་པའི་བརྙན་འཕྲིན་དང་རླུང་འཕྲིན་ཁག་གིས། རྒྱལ་ཁབ་ནང་ཞི་བདེ་ལྷིང་འཇགས་མེད་པའི་བཟོ་བའི་ལས་གཞི་ལ་བཀག་འགོག་བྱེད་པའི་དབང་ཚད་བཟོས་ནས། བརྒྱུད་ལམ་དེ་དག་དང་དེ་དག་གིས་དྲ་ཐོག་བརྒྱུད་ལམ་རྣམས་གནས་སྐབས་བཀག་འགོག་གམ་གཏན་དུ་བཀག་འགོག་བྱེད་པའི་དབང་ཚད་ཀྱང་ལྡན་པ་བཟོ་འཆར་ཡོད་འདུག དེ་ཡང་དེ་སྔོན་སྲིད་འཛིན་ཁོང་གིས་ཧྥ་རན་སིའི་སྐད་ཡིག་ནང་དྲ་རྒྱ་ཡོད་མཁན་གྱི་ཨུ་རུ་སུའི་བརྒྱུད་ལམ་གཉིས་ཀྱིས། དམའ་འབེབས་བྱེད་པའི་གནས་ཚུལ་རྫུན་མ་དང་མགོ་སྐོར་ཆེད་ཀྱི་དྲིལ་བསྒྲགས་སྤེལ་བར། ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱི་འགྲམ་དུ་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག

དེ་ཡང་ཁོང་ཕྱི་ལོ་༢༠༡༧ ལོར་སྲིད་འཛིན་འོས་བསྡུར་འགྲན་ཞུགས་བྱེད་སྐབས། ཁོང་གི་ཕྱིའི་རྒྱལ་ཁབ་ཅིག་ཏུ་དངུལ་ཁང་ནང་དངུལ་བཞག་ཡོད་པ་དང་། ཁོང་ལ་མཚན་མཐུན་གྱི་དགའ་རོགས་ཡོད་པ་སོགས་ཀྱི་གནས་ཚུལ་རྫུན་མ་མང་པོ་ཁྱབ་སྤེལ་བྱུང་ཡོད་པ་རེད་འདུག

ཁོང་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་དྲིལ་བསྒྲས་བྱེད་པའི་སྒེར་གྱི་དྲ་ཁང་སྟོང་ཕྲག་མང་པོ་སྐད་ཡིག་འདྲ་མིན་ཐོག་ཡོད་པ་དང་། དེ་དག་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ནས་ཆབ་སྲིད་པ་དང་། གནད་ཡོད་མི་སྣ། གསར་འགོད་པ་སོགས་ལ་མིང་ཆད་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

སྲིད་འཛིན་འོས་བསྡུར་ཕམ་ཉེས་བྱུང་མཁན་མཁྲེགས་འཛིན་མི་རིགས་རིང་ལུགས་པའི་འོས་མི་ལྕམ་ལཱི་པན་གྱིས། ཁྲིམས་འཆར་དེས་ཧྥ་རན་སིའི་མི་མང་གིས་ཁ་བཀག་གི་ཡོད་པ་དང་། གསར་འགྱུར་ཞིག་རྫུན་མ་ཡིན་མིན་སུས་ཐག་གཅོད་བྱ་རྒྱུ་ཡིན་ནམ། ཁྲིམས་དཔོན་ནམ་གཞུང་གིས་བྱ་རྒྱུ་རེད་དམ་ཞེས་པའི་དྲི་བ་ཞིག་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊུ་ཊེར་ཐོག་བཀོད་ཡོད་པ་རེད་འདུག

ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་འཇར་མན་དུ་ཁྲིམས་གསར་པ་ཞིག་བཟོས་ཏེ། སྤྱི་ཚོགས་བརྒྱུད་ལམ་ཁག་གིས་གསར་འགྱུར་རྫུན་མ་དང་འཁོན་འཛིན་གྱི་གནས་ཚུལ་རྣམས་འཕྲལ་དུ་འཕྱིར་འཐེན་མ་བྱས་ཚེ། ཡུ་རོབ་སྒོར་ས་ཡ་༥༠ བར་ཆད་པ་ཕོགས་སྲིད་པ་ཡིན་འདུག །

དེང་གི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ། ངོས་འཛིན་མི་ཐུབ་པའི་སྒེར་གྱི་དྲ་ཁང་རྫུན་མ་མང་པོ་བཟོས་ཏེ། སྤྱི་ཚོགས་དཀྲུག་སློང་དང་གཞན་ལ་མིང་ཆད་བཟོ་བའི་བརྒྱུད་རིམ་འཕེལ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༣༣༣ ཀློག་གྲངས།