༸གོང་ས་མཆོག་རྗ་མུ་ཀཱ་ཤི་སྨིར་ཆིབས་བསྒྱུར་གནང་བ།

ཟླ་འདིའི་ཚེས་༥ ཉིན་༸གོང་ས་མཆོག་རྒྱ་གར་བྱང་ཕྱོགས་མངའ་སྡེ་རྗ་མུ་ཀཱ་ཤི་སྨིར་ཁུལ་ཡོད་པའི་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པ་ཞེས་པས་གདན་ཞུ་གནང་བ་ལྟར། ཁུལ་དེར་ཡོད་པའི་ཀཱ་ཤི་ཝར་ཞེས་པའི་ས་ཁུལ་པཱ་དྷར་རྫོང་དུ་ཡོད་པའི་ས་གྷུ་ལབ་གྷར་ཞེས་པའི་ས་གནས་སུ་ཆིབས་བསྒྱུར་ཐེངས་དང་པོ་གནང་ཡོད་པ་རེད།

ཆིབས་བསྒྱུར་གནང་དོན་གཙོ་བོ་ནི། ཁུལ་དེར་ཡོད་པའི་ནང་པའི་མི་མང་རྣམས་ལ་བཀའ་སློབ་གནང་རྒྱུ་དང། དེ་བཞིན་ཚེ་དབང་གནང་རྒྱུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ༸གོང་ས་མཆོག་ཁུལ་དེར་ཕེབས་སྐབས་རྗ་མུ་ཀཱ་ཤི་སྨིར་མངའ་སྡེའི་བློན་ཆེན་ཨོ་མཱར་ཨབ་དྷུལ་དང། མངའ་སྡེའི་མི་སྣ་གཙོ་གྲས་ཁག་ཅིག་དང། དེ་བཞིན་གྲོས་ཚོགས་ཀྱི་མི་སྣ་ཁག་ཅིག་ཀྱང་ཕེབས་བསུར་བཅར་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་ཆིབས་བསྒྱུར་འདིའི་སྐབས་སུ་ས་གནས་དེའི་མི་མང་ཙམ་མ་ཟད། ལ་དྭགས་རྫན་སི་ཀར་སོགས་ནས་ཁྱོན་མི་མང་ཁྲི་བརྒལ་བ་འདུ་འཛོམས་ཡོང་གི་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་འདུག །

Share this:
༡༨ ཀློག་གྲངས།