སེམས་ནང་དུ་བརྒྱབ་པའི་ས་ཡོམ།

བཙན་བྱོལ་ཁྲོད་ཀྱི་ས་གནས་གཞན་དུའང་དེ་ལྟར་བྱས་ཡོད་པ་རེད། དུས་ཚོད་འདི་དང་སྟབས་བསྟུན་ནས་རྒྱ་ནག་གཞུང་གིས་ས་ཡོམ་གྱི་དོན་རྐྱེན་ཁྲོད་མི་གྲངས་༢༦༩༨ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་༢༧༠ གར་སོང་མི་ཤེས་པར་གྱུར་ཡོད་པ་རེད་ཅེས་ཕྱི་བསྒྲགས་བྱས་ཡོད་པ་རེད། ས་གནས་དེའི་བོད་རིགས་མི་མང་ཁག་ཅིག་གི་ངོས་ནས་གྲངས་ཀ་དེ་དངོས་བདེན་མ་ཡིན་པར་ཆིག་ཁྲི་བརྒལ་གྱི་ཡོད་པའི་གནས་ཚུལ་སྤེལ་བཞིན་ཡོད་ནའང། ས་གནས་དེར་ཡོད་པའི་བོད་རིགས་མི་མང་གི་ངོས་ནས་དངོས་ཡོད་འདས་གྲོངས་སོང་བའི་མི་གྲངས་དང་དབང་པོ་སྐྱོན་ཅན་དང་དྭ་ཕྲུག་བཅས་ཀྱི་གྲངས་འབོར་ཚད་ལྡན་ཞིག་འཚོལ་ཞིབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ཉེ་བའི་ཆར་ཡང་ས་ཡོམ་གྱི་ཤུགས་ཚད་ལྔ་ལྷག་ཅན་ཞིག་ས་གནས་དེར་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་དང། ཁང་པ་གསར་རྒྱག་བྱེད་སྟངས་སོགས་ཀྱང་ས་གནས་བོད་རིགས་མི་མང་གི་འདོད་མོས་དང་གཏན་ནས་མི་མཐུན་པ་ཞིག་རྒྱ་གཞུང་གིས་གོ་སྒྲིག་བྱེད་བཞིན་ཡོད་འདུག དེ་བཞིན་སྔར་ཡོད་ས་ཁང་ཆེན་པོ་ཡོད་པ་དག་ལ་མཚོན་ནའང་ས་ཆ་འཆོར་རྒྱུའི་ཉེན་ཁ་ཡོད་པ་དང། གོ་སྐབས་འདི་དང་སྟབས་བསྟུན་ནས་རྒྱ་རིགས་གང་མང་ཞིག་ཀྱང་ས་གནས་དེར་གནས་སྤོ་བྱེད་སྲིད་པའི་ཉེན་ཁ་ཡོད་པ་བཅས་ལ་དུས་ནས་དུས་སུ་གདོང་ལེན་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།

ཕྱི་ཟླ་༤ ཚེས་༡༤ ཉིན་གྱི་ས་ཡོམ་དེ་ཡུལ་ཤུལ་ཁུལ་དུ་བརྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆག་ཚད་ལས་བརྒལ་བ་ཞིག་བྱུང་ཡོད་ནའང། དེའི་ཤུགས་རྐྱེན་བོད་ས་སྟོད་སྨད་བར་གསུམ་དང་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་མི་མང་གི་སེམས་ནང་དུ་བརྒྱབ་ནས་ཕྱི་ལོ་༢༠༠༨ ལོར་སྐྱིད་སྡུག་མཉམ་མྱོང་གི་འབོད་སྒྲ་བསྒྲགས་པ་བཞིན། ལོ་འདིར་ས་ཡོམ་གྱི་དོན་རྐྱེན་ལ་བརྟེན་ནས་རོགས་རམ་དང་རྒྱབ་སྐྱོར་གདུང་སེམས་མཉམ་བསྐྱེད་བྱེད་སྟངས་བཅས་ཀྱིས་བོད་རིགས་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་དང་རྡོག་རྩ་གཅིག་སྒྲིལ་ཡིན་པ་སླར་ཡང་གསལ་སྟོན་བྱས་སོང། རྒྱ་ནག་གཞུང་གི་ངོས་ནས་ཀྱང་‘བྱ་འོལ་བས་སྦལ་བ་ཟོས་ན་ལྟོ་ཡེ་རེ་རྒྱགས་ཀྱང་ཡེ་རེ་རྨོངས་’ཞེས་པ་དང་འཚེར་སྣང་ཞིག་རང་བཞིན་གྱིས་སྐྱེ་བཅུག་ཡོད་པ་ལ་བརྟེན་ནས། ས་ཡོམ་འདིའི་ཤུགས་རྐྱེན་རྒྱ་གཞུང་གི་དཔོན་རིགས་ཁག་གི་སྙིང་གི་ནང་དུ་བརྒྱབ་པ་གཅིག་མཚུངས་སུ་གྱུར་ཡོད་ཅེས་བརྗོད་ཆོག་པ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་བོད་མི་རིགས་ཀྱི་གནས་སྟངས་ཛ་དྲག་ཆེན་པོ་ཞིག་གི་སྒང་དུ་གནས་ཡོད་ཀྱང། གཞིས་བྱེས་བོད་མི་རིགས་ཀྱི་འདུན་པ་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་ནི་དུས་རབས་ཉེར་གཅིག་པ་ཤར་བའི་རྗེས་སུ་ར་སྤྲོད་ཡང་ཡང་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་བཙན་གནོན་ཁོ་ནའི་འོག་ནས་བོད་རིགས་མི་མང་རྒྱུན་རིང་པོར་གཅུན་ཐུབ་ཐབས་མེད་པ་དང། བོད་རིགས་མི་མང་ཕལ་མོ་ཆེའི་སེམས་པ་རྒྱ་ནག་གཞུང་གི་ཕྱོགས་སུ་འགུག་ཐུབ་མེད་པ་ཧ་ཅང་གསལ་པོར་གྱུར་ཡོད། རྒྱ་གཞུང་གི་བརྙན་འཕྲིན་སོགས་བརྒྱུད་ལམ་ཁག་ཏུ་བོད་རིགས་རེ་ཟུང་ལ་རྒྱ་གཞུང་གིས་ཁ་འདོན་ལྟར་བསླབ་པའི་བོད་རིགས་མི་མང་ལ་ཡར་རྒྱས་དང་བདེ་སྐྱིད་ཡོད་པ། གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་པ་སོགས་བརྗོད་བཅུག་པས་འཛམ་བུའི་གླིང་དང་བོད་རིགས་མི་མང་འགོ་སྐོར་གཏོང་ཐུབ་ཐབས་མེད་ནའང། མཐར་ཐུག་ས་གནས་ཀྱི་དཔོན་རིགས་དག་གིས་རྒྱ་ནག་དབུས་གཞུང་གི་དཔོན་རིགས་དག་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཁོ་ན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།།

Share this:
༧༠ ཀློག་གྲངས།