བོད་ཀྱི་མཐོ་རིམ་སློབ་མར་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་འགུལ།

ཟླ་འདིའི་ཚེས་༡༡ ཉིན་གྱི་དགོང་མོར་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་གོ་སྒྲིག་འོག རྒྱ་གར་སྦེང་ལོར་ས་གནས་བོད་ཁྱིམ་སྡོད་ཁང་དུ་ཁྲིམས་ལུགས་ཆེད་མཁས་པའི་གཏམ་གླེང་དང་དྲི་བ་དྲིས་ལན་གྱི་ཁྲིམས་ལུགས་གོ་རྟོགས་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

སྦེང་ལོར་ས་གནས་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་དཀོན་མཆོག་རིན་ཆེན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། དེར་བོད་མིའི་ལྷོ་སྤྱིའི་དྲུང་ཆེ་དང་བོད་ཁྱིམ་སྡོད་ཁང་གི་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ས་གནས་ཚོགས་གཙོ་རྣམས། ༢༠༡༧ ལོའི་བོད་ཀྱི་མཛངས་པ་ཉི་མ་སོགས་སྐུ་མགྲོན་དུ་གདན་ཞུས་ཐོག་ལྷོ་ཕྱོགས་མངའ་ཁུལ་གྱི་བོད་ཀྱི་ཁྲིམས་ལུགས་སློབ་མས་གཙོས་སློབ་མ་བཞི་བཅུ་ལྷག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ཨིན་ཡུལ་ནས་གདན་དྲངས་པའི་ཁྲིམས་ལུགས་རབ་འབྱམས་བ་ཏཱ་རཱ་རཱ་(Dr. Tamara Relis) དང་བོད་ཀྱི་ཁྲིམས་ལུགས་རིག་བའི་ཚོགས་པའི་རྩིས་གཉེར་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་གཏམ་བཤད་བྱས་ཡོད་པ་རེད། ཁྲིམས་ལུགས་མཁས་ཆེན་ཏཱ་མཱ་རཱ་ནི་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མའི་ཐོབ་ཐང་།   ཁྱིམ་མི་གནས་སྤོ་བ་དང་དཀའ་རྙོག་འདུམ་འགྲིག་སོགས་ལ་སློབ་གཉེར་བྱས་ཡོད་པ་དང་། རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་གྲགས་ཅན་ཨོག་སི་ཧྥོ་ཌི་(Oxford) དང་ཁམ་ཟམ་(Cambridge University) སོགས་སུ་ཆེད་རྩོམ་དུ་མ་ཞིག་སྤེལ་མྱོང་ཡོད་པ་རེད།  ཁོང་གིས་ཐེངས་འདིར་ཁྱིམ་མི་གནས་སྤོ་བའི་དཀའ་ངལ་དང་ལྷག་པར་དུ་བོད་མི་བཙན་བྱོལ་བའི་དཀའ་ཁག་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་ཅིང་རང་ཉིད་ནས་བོད་མིའི་དཀའ་ཁག་ལ་ཐུགས་ཚབ་ཆེ་རབ་དང་མ་འོངས་པར་བོད་མིའི་དཀའ་ཁག་དང་འབྲེལ་བའི་ཕྱག་ལས་གང་མང་གནང་འདོད་ཡོད་ཚུལ་གསུངས། མ་ཟད་ཁོང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཡོངས་ནས་བལྟས་ཀྱང་ཚབས་ཆེ་ཤོས་སུ་གྱུར་ཡོད་པ་དང་བོད་མི་ཚོས་ཁྲིམས་ལུགས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། དུས་རབས་འདི་ནི་གང་ཟག་གིས་དབང་བསྒྱུར་མ་ཡིན་ལར་ཁྲིམས་ཀྱིས་དབང་བསྒྱུར་ཡིན་སྐོར། ད་དུང་ནང་ཆོས་ཀྱི་ཕན་ཡོན་གསུངས་པའི་ནང་ནས་ནང་ཆོས་ལ་འཛམ་གླིང་ཧྲིལ་པོར་ཞབས་འདེགས་རླབས་པོ་ཆེ་སྒྲུབ་རྒྱུའི་ནུས་པ་ཡོད་ཚུལ་སོགས་གསུངས་ཡོད་པ་རེད།

བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ཀྱིས་སྔ་ཕྱིར་རྒྱ་གར་དང་བཙན་བྱོལ་སྒྲིག་འཛུགས་གཉིས་ཀའི་ནང་ཁྲིམས་རྩོད་པ་དང་ཁྲིམས་ལུགས་ལམ་སྟོན་དང་ཁྲིམས་ཞིབ་པ་སོགས་ཀྱི་ཕྱག་ལས་གནང་ཡོད་པ་དང་། ཁོང་གིས་ཐེངས་འདིར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དང་འབྲེལ་བའི་དཀའ་ངལ་དང་བོད་མི་ཚོར་ཁྲིམས་ལུགས་གོ་རྟོགས་དང་ཁྲིམས་ཀྱི་འདུ་ཤེས་ཞན་པའི་ཉེས་སྐྱོན་སོགས་གླེང་ཞིང་ཁྲིམས་ལུགས་སྦྱོང་བཞིན་པའི་སློབ་མ་རྣམས་ལ་འགན་འཁྲི་ཆེན་པོ་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།  མ་ཟད་བོད་མི་ཚོའི་དམངས་ཁྲིམས་དང་འབྲེལ་བའི་དཀའ་རྙོག་དག་ངེས་པར་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ཁག་ཏུ་ཞུ་གཏུག་བྱ་དགོས་པའི་སྐོར་གྱི་རྒྱུ་མཚན་ཡང་གསུངས་སོང་།

མཐར་གདན་ཞུའི་ཁྲིམས་ལུགས་ཆེད་མཁས་པ་གཉིས་པོར་སྦེང་ལོར་ས་གནས་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ངོས་ནས་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་བསྒྲོན་ཏེ་ལས་རིམ་གྲུབ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༡༦ ཀློག་གྲངས།